རྨི་ལམ་གྱི་བྱེ་ཐང་དུ།
བདག་གིས་བྱིའུ་དཀར་ཁྲ་འམ ནག་ཁྲ
ཡང་ན་བྱིའུ་སྔོ་ཁྲ་དག་གིས་མཚོན་པའི་བྱིའུ་མང་པོ་ཞིག
ཞོགས་པ་ནས་ས་སྲོད་དང་ས་སྲོད་ནས་ནམ་གུང་བར་དུ་འཛིན་འདོད་སྐྱེ་རུང
གཤོག་པ་དང་གཤོག་པའི་སེག་སྒྲ་ཁོ་ན་ལས་ཅི་ཡང་རག་རྒྱུ་མ་བྱུང་ལ
ནམ་མཁའ་ཁོ་ན་ལས་གང་ཡང་མཐོང་རྒྱུ་མི་འདུག
བདག་གིས་གྲིབ་གཟུགས་དང་ཆུ་སྒྲ་འབའ་ཞིག་བསྙེགས་ཏེ
དུས་ཚོད་དང་གོ་སྐབས་ཡོད་ཚད་བློས་གཏོང་བྱེད་དུས
ཆེས་ལྷག་མར་གྱུར་བའི་ཉི་འོད་ཀྱི་ཐིགས་པ་རེ་འགས་སྐོམ་སེལ་ཕྱིར
བསྐྱར་དུ བདག་གིས་བྱིའུ་དཀར་ཁྲ་འམ ནག་ཁྲ
ཡང་ན་བྱིའུ་སྔོ་ཁྲ་དག་གིས་མཚོན་པའི་བྱིའུ་མང་པོ་ཞིག་མཐོང་འོང་ཚེ
ཞོགས་པ་ནས་ས་སྲོད་དང་ས་སྲོད་ནས་ནམ་གུང་གི་བར་དུ
བྱིའུ་དེ་དག་ནི་ལྷིང་འཇགས་དཀྲོགས་བྱེད་ཀྱི་སྡིག་པ་ཅན་ཁོ་ན་རེད་སྙམ
རྩོམ་ཁུངས། ངེད་དྲ་བ།