དཔལ་མོའི་སྙན་ངག་གསར་བ། ང་ལ་གཅར་མ་ཡོང་།
ང་ལ་གཅར་མ་ཡོང་
ང་བདུད་རྩི་མིན
ང་འདོད་པ་མིན
འོད་ཟེར་འཕྲོས་པའི་མུ་ཏིག་དེ་ང་མིན
ཞིམ་མངར་ལྡན་པའི་མཆུ་སྒྲོས་དེ་ང་མིན
ང་ལ་གཅར་མ་ཡོང་
ང་དཔྱིད་དཔལ་མིན
ང་ལོངས་སྤྱོད་མིན
གསོན་ཉམས་རྒྱས་པའི་ལང་ཚོ་དེ་ང་མིན
བཟི་ཁ་མངར་བའི་བརྩེ་གདུང་དེ་ང་མིན
ང་དཔྱིད་དཔལ་མིན
ང་ལོངས་སྤྱོད་མིན
གསོན་ཉམས་རྒྱས་པའི་ལང་ཚོ་དེ་ང་མིན
བཟི་ཁ་མངར་བའི་བརྩེ་གདུང་དེ་ང་མིན
ང་ལ་གཅར་མ་ཡོང་
ང་སོལ་ནག་ཡིན
ང་དུག་རླངས་ཡིན
དྲོད་ཁོལ་ཤོར་བའི་གདོང་འབག་དེ་ང་ཡིན
མིག་ཆུ་བརྡོལ་བའི་ཁང་སྟོང་དེ་ང་ཡིན
ང་ལ་གཅར་མ་ཡོང་
ང་གྲིབ་ནད་ཡིན
ང་ནག་ཉེས་ཡིན
བརྩེ་བ་མེད་པའི་རྡོ་འཁྱག་དེ་ང་ཡིན
སྙིང་རྗེ་བྲལ་བའི་གཤེད་མ་དེ་ང་ཡིན
ང་ལ་གཅར་མ་ཡོང་
ང་ཚེར་མ་ཡིན
ང་བསླུ་བྲིད་ཡིན
སྡུག་ལ་འདྲུད་པའི་འཚོ་བ་དེ་ང་ཡིན
རྨ་ཁ་བཟོ་བའི་རལ་གྲི་དེ་ང་ཡིན
ང་ལ་གཅར་མ་ཡོང་
ང་འཆིང་སྒྲོག་ཡིན
ང་བཙོན་ར་ཡིན
རྙི་ལ་ཐོགས་པའི་བྱིའུ་དེ་ང་ཡིན
ཁ་ཕྱོགས་བོར་བའི་ཤོག་བྱ་དེ་ང་ཡིན
ནམ་ཡང་ང་ལ་གཅར་མ་ཡོང་
ང་སུ་ལའང་མི་དབང་
ང་སུ་ལའང་མི་དབང་
རྩོམ་ཁུངས། ངེད་དྲ་བ།