ཁྲང་ཨན་གྱི་ཉིན་ཐོ་གྲང་ཤུར་མ།
ཁ་དཀར་མེ་ཏོག་འཐོར་བའི་ཞོགས་པ་དེར།།
ཐང་གི་རྒྱལ་ས་བསྐྱུར་བའི་བྱང་ཕྱོགས་སུ།།
ངེས་མེད་གྲོང་ཚོ་དུ་མའི་བསྐོར་བ་ཡི།།
ཧྥ་མིན་སི་ཞེས་བྱ་བའི་དགོན་དུ་འབྱོར།།
བཀོད་ལེགས་ཁོར་ཡུག་གཙང་མའི་ཐང་དཀྱིལ་དུ།།
རྡོ་བའི་མཆོད་རྟེན་མཁའ་ལ་ཟུག་པ་ཡོད།།
ནང་དུ་བྱིན་རླབས་ཚན་ཁ་འབར་བའི་རྟེན།།
སངས་རྒྱས་མཚན་སྡོང་གསེར་འོད་འཕྲོ་བ་བཞུགས།།
འགྲུལ་བ་བརྒྱ་སྟོང་འདུས་པའི་རྟེན་དྲུང་དུ།།
བླ་མའི་རྣལ་འབྱོར་ལན་གཅིག་འདོན་པའི་ཚེ།།
བོད་ཀྱི་དགེ་སྦྱོང་གཉིས་ཀྱི་གསུང་སྒྲ་ཡིས།།
མགྲོན་པོ་ཕལ་ཆེར་ཉེ་སར་རུབ་སྟེ་འོངས།།
གཞུང་ལུགས་གང་མང་སྦྱངས་པའི་ཕ་མཐའ་ནས།།
རྟོགས་སད་རི་མོ་སྙིང་ན་འཛུམ་པ་ཡི།།
དགེ་སྦྱོང་སྒང་བ་བོད་ཀྱི་མྱི་ཆེན་གྱིས།།
ལག་སོར་སྙིང་གར་སྦྱར་བའི་སྐྱབས་འཇུག་ཁྲོད།།
བོད་བརྒྱུད་ནང་བསྟན་ཙི་ནའི་ཡུལ་གྲུ་ཀུན།།
གཙང་ཞིང་གཙང་མས་ཁྱབ་པའི་སྨོན་ལམ་དང་།།
བླ་རྫུན་མགོ་རེག་མིང་ཙམ་མི་ཐོས་ཤིང་།།
བློ་བཟང་རྒྱལ་བསྟན་ཡང་དག་དར་བར་ཤོག།
ཆོས་འདོད་ཆོས་ལ་རྨོངས་པ་འདི་དག་ལ།།
བོད་ཀྱི་ཆོས་རྒྱུན་གཙང་མ་སྤེལ་བར་ཤོག།
ཡོད་ཚད་ལེགས་པའི་ལམ་དུ་ཞུགས་ནས་ནི།།
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག།
ཞེས་པའི་གསོལ་འདེབས་སྐྱབས་འཇུག་ཞུས་རྗེས་སུ།།
དགོན་པ་དེ་ནས་རྒྱང་གྲགས་དྲུག་གི་སར།།
སྤྱན་རས་གཟིགས་དགོན་གསར་བར་སྡོད་པ་ཡི།།
ཡུལ་ཤུལ་དྭ་ཕྲུག་འགའ་ལ་བལྟ་རུ་ཕྱིན།།
སྦྲ་ཁྱིམ་སྨུག་པོ་བོར་བའི་བོད་ཕྲུག་ཚོ།།
རྒྱ་ནག་གྲོང་ཁྱེར་འདི་ལ་ཐོན་ན་ཡང་།།
ཡངས་པའི་སྤང་ཐང་སྟེང་གི་རོལ་རྩེད་བཞིན།།
འགྲེ་ལོག་བརྒྱབ་པས་ལུས་པོ་རྡུལ་གྱིས་མནན།།
ངེད་གཉིས་མཐོང་བའི་མོད་ལ་བྱིས་པ་ཚོ།།
རིག་རིག་མིག་གིས་བལྟ་ཞིང་རྒོད་པ་དང་།།
ཁ་ནས་མཁན་པོ་ཟེར་བཞིན་རྩར་རུབ་ནས།།
ངོ་ལ་ཡུལ་མི་རྙེད་འདྲའི་མདངས་ཤིག་ཕྱུངས།།
ཤ་འབྲེལ་ཉེ་རིང་གཅིག་ཀྱང་མེད་པ་ཡི།།
ངེས་མེད་ཙི་ནའི་ས་མཐའ་འདིར་ཐོན་ནས།།
ཟླ་ངོ་བརྒྱད་ཙམ་འགོར་བའི་བྱིས་པ་ཚོ།།
རྒྱ་ཁོག་འདི་ལ་སུ་ཡིས་བརྫངས་པ་ཡིན།།
མཐོ་སྒང་སྦྲ་ཁྱིམ་ནང་གི་འབག་བཙོག་གི།
གདོང་དང་ལག་པའི་ཚིལ་དྲགས་མ་ཕྱིས་པར།།
སྣབས་ལུབས་དོ་ཤལ་འཕྱང་བའི་གཅེས་ཕྲུག་ཚོ།།
རྒྱུས་མེད་ཡུལ་ན་རི་དྭགས་བཞིན་དུ་སྡུག།
ཁང་མིག་འཁྱག་སྒམ་འདྲ་བའི་གྲུ་ཕུག་ན།།
རྩམ་སྐྱ་ཆུ་ལ་བཏབ་སྟེ་འགམ་པ་ཡི།།
འབྲོག་གི་འཚོ་བ་དྲན་པའི་བྱིས་པ་ཚོ།།
རྩམ་ཁུག་ཟད་པོ་ཞིག་གི་མཐའ་ན་རུབ།།
ནུབ་ཁའི་མུན་པ་སྟུག་ཏུ་ཕྱིན་པའི་དུས།།
ཁོ་ཚོ་རང་རང་ཉལ་སའི་ཁ་མལ་ནས།།
ཕ་མ་མིང་སྲིང་དྲན་པའི་སྐྱོ་གདུང་གི།
མིག་ཆུ་རུམ་ལ་གཏོར་བཞིན་གཉིད་དུ་ཡུར།།
ཁེར་རྐྱང་མལ་ན་གྲང་འདར་རྒྱག་པ་ཡི།།
བྱམས་ལྡན་བྲལ་བའི་དྭ་ཕྲུག་སྙིང་རྗེ་དག།
མཐོང་ཐེངས་རེ་ལ་སྐྱོ་བའི་མིག་ཆུ་ཡིས།།
རང་གི་ངོ་གདོང་བརླན་པ་ཐེངས་གཅིག་མིན།།
ཞོགས་པའི་སྐྱ་མདའ་དང་པོ་ཤར་མ་ཐག།
བྱ་ཕོས་སྐད་གསེང་མཐོན་པོ་མ་སྒྲོག་གོང་།།
བྱེའུ་ཕྲུག་དམར་རྗེན་འདྲ་བའི་བྱིས་པ་ཚོ།།
ངུ་སྐད་ཙེར་ཙེར་ཕྱི་ཁྱམས་བར་ན་འདུར།།
ཕར་ལ་བལྟས་ན་ཅི་ཡང་མི་འཁྱོངས་པའི།།
ཞིང་བ་རྒད་པོ་ཞིག་གིས་ལག་བརྡ་འོག།
སྔ་མོར་ལུས་རྩལ་སྦྱོང་བའི་ཚུགས་ཀ་ཡིས།།
ཕར་བདས་ཚུར་བདས་བྱས་ཏེ་ངལ་ཏུ་འཇུག།
གཅེས་ཕྲུག་བཅུ་གསུམ་པོ་དང་ལྷན་གཅིག་ཏུ།།
ཉི་མ་རེ་འགའ་བསྡད་པའི་དུས་ཚོད་ནང་།།
དབྱངས་གསལ་ངག་ལ་གྱེར་བའི་གླུ་སྒྲ་ནི།།
ཐང་གི་རྒྱལ་ཤུལ་འདི་ནས་ཐོག་མ་ཡིན།།
འདི་ལྟར་བྱིས་པ་དག་གི་ལས་དབང་ལ།།
ཡང་ཡང་བསམ་བློ་བཏང་བའི་གོ་རིམ་ཁྲོད།།
ད་ལོར་བཞི་གཅིག་བཞི་ཡི་ཉིན་མོ་ལ།།
གནམ་འོག་དམར་པོར་བསྒྱུར་བའི་ལོ་རྒྱུས་དྲན།།
རང་བྱུང་ས་ཡོམ་འཇིགས་རྔམས་རྩུབ་མོ་སྟེ།།
ས་གས་གནམ་རྡིབ་བྱུང་བའི་གོད་ཆག་གིས།།
མི་ཟོག་ཤི་རྨས་ལས་དབང་དམར་པོའི་གནས།།
ཡུལ་ཤུལ་འདས་གསོན་ཡོད་ཚད་ཡང་བསྐྱར་དྲན།།
གློ་བུར་གོམ་ཁ་བོད་ལ་ལེན་པའི་དུས།།
ངོ་གདོང་སེམས་ལ་ལྷུང་བའི་བྱིས་པ་ཚོར།།
ཕན་ཚུན་གྱེས་བདེ་ཞུ་བའི་འཚང་གའི་ཁྲོད།།
སྐྱོ་དང་གདུང་བའི་མིག་ཆུ་སེམས་ལ་ཟགས།།
དྭ་ཕྲུག་རྣམས་དང་བྲལ་བའི་བདེ་མོའི་ཁྲོད།།
ནམ་འཆི་ངེས་མེད་མི་རྟག་སྒྱུ་མའི་གར།།
ལྡོག་མེད་ཆོས་ཉིད་ཡིན་པའི་སྙིང་ཕུར་ཞིག།།
སོ་སོའི་སེམས་ལ་བརྡབ་རྗེས་ལམ་དུ་ཆས།།
ཕྱི་ལོ་དབྱར་ཟླ་ཚེས་པའི་དུས་ཤིག་ལ།།
མར་རྩམ་རྒྱབ་ཁུག་གང་དང་ལྷན་གཅིག་ཏུ།།
མི་ཁོམ་རྒྱལ་སྲས་ཟེར་བའི་གྲྭ་གཟུགས་ང་།།
ཁྱེད་ཚོར་ཡང་བསྐྱར་མཇལ་བའི་སྨོན་ལམ་འདེབས།།
༼ཁྲང་ཨན་གྱི་ཉིན་ཐོ་གྲང་ཤུར་མ།༽ཞེས་པ་འདི་ནི་མི་ཁོམ་པའི་རྒྱལ་སྲས་སུ་འབོད་པས་སྤྱི་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་རྒྱ་ནག་སྐད་དུ་ཧྥ་མིན་སི་ཟེར་བའི་དགོན་འདབས་ནས་ཡུལ་ཤུལ་དྭ་ཕྲུག་འགའ་མཐོང་བས་སྦྱར་བའོ།།
རྩོམ་ཁུངས། སེང་རྡོར་དྲ་བ།