འཇིགས་པའི་ལེའུ།༼སྙན་ཚོམ༽
དང་པོ། བོད་ནས་བྱུང་བའི་ས་ཡོམ།
ངུ་དངངས་བྱེད་པའི་ཁྱོད་ཀྱི་འགྲམ་དུ།
བདག་ལ་ནམ་མཁའ་ཁོ་ན་ལས་རང་དབང་གི་རྩེད་ཆས་ཤིག་མེད་པ་འདྲ་སྟེ
བྱ་རྒོད་ཀྱི་གཤོག་པ་བརྐྱངས་ཤུལ་ནས་ད་གཟོད
མེས་པོ་ཚོའི་གླུ་སྐད་དང་དེའི་རྟ་དབྱངས་ནས་ན་ཟུག་གིས་མངོན་པའི
མར་མེ་ཚེ་འབར་དེ་མཐོང་ཐུབ།
འོད་དེའི་ཁུ་བ་མཚན་མོ་འདིའི་གཏིང་ཟབ་སར་འཁྱིལ་སོང་།
ཕྱོགས་བཞི་མཚམས་བརྒྱད་གསལ་ཐག་ཆོད་ཀྱང་། གོ་མེད་ཚོར་མེད་ལ་དྭ་ཕྲུག་ཅིག་ལྟར་
སླར་ཡང་མུན་པའི་དོན་སྙིང་དང་བཅར་བའི་ང་ལ་མཚོན་ན།
སྨྲ་བྱེད་ཁ་ལས་ཐོན་པའི་བོད་ནི་ནམ་མཁའ་ཞིག
ཁམས་ཡུལ་ཤུལ་ནི་དེ་ལ་ག་གཏད་དུ་ཡོད་པའི་རི་བོ་ཞིག
ཞོགས་པ་འདི་ལ། རྟེའུ་དཀར་པོ་ཞིག་གི་འཚེར་སྐད་གྲགས་བྱུང
ཁྱོད་རང་རྦད་དེ་དྲན་པ་ཉམས།
གཉིས་པ། བརྙན་འཕྲིན་ནང་གི་ཡུལ་ཤུལ།
མགྲིན་པ་བརྣང་སོང་།
ངག་གི་བྱིན་རླབས་ཡལ་སོང་།
མིག་ཆུ་དཀག་སོང་།
སེམས་ཀྱི་བློ་མིག་ལྡོང་སོང་།
གློ་བུར་ཏུ།
ངས་མཐོང་བའི་ཡུལ་ལྗོངས་ཡོད་ཚད་ལ་ཁ་དོག་མེད་སོང
ཁ་དོག་དེ་ལོ་རྒྱུས་རེད། མི་རེའི་སེམས་སུ་ཚོན་མདོག་སྣ་ལྔ་ཡོད།
ངག་མི་སྨྲ་བར་ཡུན་རིང་དུ་བསྡད
སྐད་ཅིག་དེ་ཉིད་ལ་ལོ་མང་པོ་ཞིག་འདས་སོང་།
ཆེས་རྗེས་མར་གློག་ཆད་སོང་།
མུན་ནག་ལས་ང་ཡུན་རིང་ཞིག་ལ་གཉིད་དུ་ཡུར་སོང་།
གསུམ་པ། ས་ཆེན་གྱི་སྟེང་འོག
སེང་གེ་དེའི་གཡོ་ཟོལ་ལས་སྐྱེས་པའི་མཆེ་སྡེར་གྱིས
ཅི་ཡང་མི་སེམས་པར་གངས་རི་འདིའི་བསྐལ་བ་མཐའ་འཇུག་གི
ང་གདོང་ནས་རལ་བའི
བྱི་དོར་མེད་པའི། རང་དབང་ངང་གང་སར་རྒྱུ་བའི་འོད་ཀྱི་ཕུང་བོར
སྤར་བགྲད་ཐེངས་རེ་བྱས་ཀྱང
ཁྱོད་དང་རྒྱང་ཐག་རིང་ཙམ་ཡོད་པའི་ང་ཡིས
མུ་མཐུད་དུ་དར་ལྕོག་རལ་བོ་ཞིག་གི་མདུན་ནས་འཇམ་ཐིང་ངེར་གནས་ཀྱིན་པ་དག་ལ
རྒྱང་ལྟ་བྱེད་པའམ་གསོལ་འདེབས་བྱས།
ནམ་མཁར་རེག་པའི་བསང་དུད་སྔོན་པོ་ཞིག་རྟོག་བཟོ་བྱས་ཀྱང་ཆོག
ཁོད་ཡངས་པའི་ས་གཞི་ནི་ཕྱི་འགྱོད་མེད་པར་གཞིས་ཁྱིམ་གྱི་ཚུལ་དུ་གནས།
འོ། ངའི་ཉི་མ། ངའི་ཟླ་བ།
བཞི་བ། མིག་ཆུའི་རྡོག་པ།
བུ་མོ་དེ་ངུས་བྱུང
ཁོ་མོའི་སེམས་ཀྱི་གངས་རིའི་ངོ་བོ་འགྱུར་སོང
གངས་རིའི་འདབས་ཀྱི་མི་རྣམས་འགྱུར་སོང
ཁོ་མོ་གཉིད་ལས་སད
ཁང་མིག་དོག་པོ་འདི་ལས་ཡར་ལྟ་མར་ལྟ་འགའ་ཞིག་བྱས་རྗེས
ས་ཡོམ་གྱིས་མནར་བའི་རྫ་སྐྱེ་དགུ་དྲན་འོངས
སླར་ཡང་ངུས་བྱུང
ལྔ་བ། གསང་བའི་ལྷག་བཅས།
ཁ་བའི་འདབ་མ་རེ་གཉིས་ས་ལ་ལྷུང
རེ་གཉིས་ཁྱེད་ཀྱི་ངོ་གདོང་ནས་ཞི་བར་གྱུར།
བཅོས་སུ་མེད་པའི་དབེན་འཇགས་འདིའི་རྗེས་སུ
ཁྱོད་ལ་ཚོད་ཚོད་དུ་གྲང་འདར་རེ་བརྒྱབ།
ན་ཟུག་དྲག་པོའི་ཁྲོད་ཁ་བ་འབབ་མཚམས་ཆད
ཡིན་ཡང་མཐོང་ལམ་བཀག་ཡོད་ཚོད་ཡིན།
དྲུག་པ། ཉིན་ཐོའི་ངོས་གཞན་ཞིག
“བཟའ་རྒྱུ་དང་བཏུང་རྒྱུ་མི་འདུག
ཉལ་ས་མི་འདུག
དཀོན་མཆོག་གསུམ་པོ་མཁྱེན། ད་འཆི་ངེས་རེད།”
སྨྱན་བྱེད་ལས།
ཁྱོད་ལ་ཟ་མ་རྒྱག་ཚད་ཅིག་བྱིན
བཏུང་ཆུ་འདང་ཚད་ཅིག་གནང་།
ཉལ་ས་དྲོན་མོ་ཞིག་བཅོས།
མཐའ་མར། མི་ཉུང་ཚད་ཅིག་ལ་འདས་ཆོད་སྒྲུབ།
བདུན་པ། སྒྱུ་མ་མཁན་གྱི་འཁྲབ་ཚན།
ཁྱོད་ཀྱི་ཁོད་ཡངས་པའི་རྩྭ་ཐང་ང་ལ་བྱིན།
ཁྱོད་ཀྱི་རྟ་ནོར་ལུག་གསུམ་ང་ལ་བྱིན།
ཁྱོད་ཀྱི་དྭངས་གཙང་གི་གཙང་ཆུ་ང་ལ་བྱིན།
ཁྱོད་ཀྱི་མི་རབས་དུ་མ་བརྒྱུད་པའི་སྦྲ་ནག་དེའང་ང་ལ་བྱིན
ཁྱོད་གྲོང་ཁྱེར་དུ་སོང་།
ཁྱོད་གྲོང་ཁྱེར་དུ་སོང་ནས་ལྡུམ་བུའི་རིགས་ཁ་ཟས་བྱོས
ཁྱོད་གྲོང་ཁྱེར་དུ་སོང་ནས་སྲིན་འབུའི་རིགས་ཁ་ཟས་བྱོས
ཁྱོད་དེང་རབས་ཟེར་བའི་གུས་པོ་དང་མཐུན་པར་བྱོས
ཁྱོད་སྲོལ་རྒྱུན་ཟེར་བའི་འཕྱོན་མ་དང་རིང་དུ་གྱེས
ཁྱོད་གྲོང་ཁྱེར་དུ་སོང་ནས།
རྫས་འགྱུར་གྱི་ཁ་རླངས་ཁྲོད་ནས་འཆི་བར་སྒུག
ས་ཆུ་མེ་རླུང་གི་འཇིགས་པའི་ཁྲོད་ནས་འཆི་བར་སྒུག
བརྒྱད་པ། ཞར་བྱུང་གི་སེམས་ཁྲལ།
གཉིད་ལ་རོལ་དུས་ཀྱི་ཡུལ་ཤུལ
གཉིད་ལས་སངས་དུས་ཀྱི་ཡུལ་ཤུལ
ལོ་མང་པོའི་རྗེས་སུ
གཅིག་པ་གཅིག་འདྲ་ཞིག་ཡིན་ནམ།
དགུ་བ། གཤེགས་སུ་གསོལ།
ཡངས་པའི་སྤང་ལྗོངས་ཆེན་པོ་ནས་བྱ་རྒོད་ཀྱི་ལྡིང་སྐོར་རྒྱག
མཇུག་མཐའི་སྙིམ་པ་ནས་དལ་མོར་གཡོ་བའི་མཆོད་མེའི་འོད་མདངས་དེ་ཡིས
ཁྱོད་ཀྱི་གཡས་གཡོན་གསལ་བར་བྱས་ལ། སེམས་ངོས་སུ་ཡལ་དཀའ་བའི
ནང་མི་སྤུན་ཟླའི་ངོ་གདོང་སྐྱོ་བོ་དག་ཀྱང་གསལ་བར་བྱས།
སྐབས་འདིར། “ཡིད་སེམས་ཆགས་དགོས་པ་ཅི་ཞིག་ལུས་འདུག
མིག་ཟུང་ནས་ཐོན་མ་ཐུབ་པའི་ཕངས་སེམས་ཀྱི་མཆི་མ་རྡོག་གཅིག་ཡིན་ནམ།”※
མགོ་ནག་བོད་པའི་སྐྱིད་སྡུག་གནམ་ལ་བཅོལ།
གཤེགས་སུ་གསོལ།
མཆན། ※ སྐུ་ཞབས་ལྗང་བུའི་སྙན་ངག་ཅིག་ལས་ཁོལ་དུ་ཕྱུང་།
རྩོམ་ཁུངས། ངེད་དྲ་བ།