རབ་གནས་ས་གླང་ལོར་གྲོགས་རྨ་ཆུའི་སྦྱིན་པ་རྒྱ་མཚོ་ལ་ཕུལ་བའི་འཕྲིན།
གང་ལུས་ནོར་བུའི་འཁྲི་ཤིང་རྩེར།།
བཅོས་མིན་ལྷ༷ག་བས༷མ་སྣུམ་པོ་ཡི།།
འཛུམ་དཀར་རྒོད་པའི་ཚེམས་ཕྲེང་ཅ༷ན།།
མཛའ་བཅུགས་པད་མོ་དཀར་བོའི་དྲུ༷ང་།།
རྙེད་དཀའ་དལ་འབྱོར་མི་ལུས་རིན་པོ་ཆེ།།
དོན་མེད་ཆུད་ཟོས་གཏོང་ཕྱིར་ཅོ༵ལ་ཆུ༵ང་གི༵།།
མཛད་སྤྱོད་ལས་ལ་ཉིན་མཚན་བརྟུན་པ་ཡིས།།
མི་ཚེའི་ཕྱེད་ཀ་རྫོགས་པའི་འཕྲི༵ན་འདི༵་ཕུ༵ལ།།
གསོ་རིག་བདུད་རྩིའི་སྐྱེམས་ཀྱི་དྲེགས་པ་ཡི།།
སྨན་དཔྱད་རིག་པའི་རལ་གྲི་རྣོན་པོ་ཅན།།
ནད་བརྒྱ་མ་ལུས་མགོ་བོ་གཅོད་བྱེད་པའི།།
འཚོ༵་བྱེ༵ད་གཞོ༵ན་ནུ༵་གཉིས་པ་བདེ༵་ལེ༵གས་ས༵མ།།
མགོ་ཡི་སྐྲ་ལོ་རྩད་ནས་བྲེགས་གྱུར་ཀྱང་།།
ནང་གི་ཆགས་སྡང་ཅུང་ཙམ་མ་སྤངས་པའི།།
ཕྱི་སྤྱོད་མཛེས་པའི་ཟློས་གར་བསྒྱུར་བ་བོ།།
རྫ༷་ཤུ༷ལ་བུ༷་ལོ་སྔར་བཞིན་ལུས་ཕུང་བདེ༷།།
ཞལ་ངོ་ནག་ཀྱང་སེམས་པ་ཆེས་དཀར་བའི།།
མཛའ་རྩེའི་ཕྱི་ཐག་རིང་བའི་གྲོགས་པོ་ཡི།།
རིག་གནས་ཡར་སྤེལ་དཔེ་རྟགས་ལ་སོགས་པ།།
ཚང་བར་འཕྲོད་དོ་སེམས་ཚེགས་གཏོང་མི་དགོས།།
སླད་ནས་གྲོགས་པོ་ཁྱོད་ཀྱི་འདོད་དོན་རྣམས།།
གང་བསམ་ཡིད་ལ་སྨོན་པ་ལྟར་འགྲུབ་སྟེ།།
གསོ་རིག་བསྟན་པ་གསེར་གྱི་གདུགས་དཀར་བོ།།
མི་ནུབ་སྲིད་མཐར་བསྒྲེང་བའི་ལས་མཛོད་ཅིག།།
མ་བཅོས་སེམས་ཀྱི་རི་མོ་གཡས་འཁྱིལ་བའི།།
དྲི་བྲལ་ཁ་དར་དཀར་བོའི་སྣེ་འདོགས་བཅས།།
རྫོགས་པ་གསུམ་པའི་ཡ༵ར་ཚེ༵ས་དགེ༵་བའི་ཉི༵ན།།
རང་གཤག་ལྔ་རིག་འོད་འཁྱིལ་ཁང་ནས་ཕུལ༵།།
རབ་གནས་ས་གླང་ལོའི་ཧོར་ཟླ་བཅུ་བའི་ཚེས་བཅོ་ལྔའི་ཉིན།གྲོགས་རྨ་ཆུའི་སྦྱིན་པ་རྒྱ་མཚོའི་སྐུར་བའི༢༠༠༨དང་༢༠༠༩ལོའི་རིག་གནས་ཡར་སྤེལ་གྱི་མ་ཕྱི་དང་དཔེ་རྟགས་སོགས་འབྱོར་བའི་འཕྲིན་ལན་དུ་ཕུལ་བའོ།།
རྩོམ་ཁུངས། ངེད་དྲ་བ།