འབའ་ཆུ། འབབ་ཀྱིན་མི་འདུག
བདག་གིས་ངོ་གདོང་ཞིག་བཙལ་ནས
གོམ་པ་གང་རེ་གང་རེ་སྤོ་དུས
འབབ་ཆུ སུ་ཞིག་གི་མིག་གོང་ན་འབབ་ཐུབ་ཀྱིན་མི་འདུག
མི་རྣམས ཆུ་ཁར་སོང་ནས་མཆོད་ཆུ་ཐོམ་བུ་གང་ལེན་པ་འམ
ཆུ་ཁར་སོང་ནས་ལྭ་བ་རེ་བཀྲུ་བ་ལས
ཁོ་ཚོས་སྲོག་ཐག་དང་བྲེལ་ནས
འབའ་ཆུ་འབབ་ཐུབ་ཀྱིན་མི་འདུག་པ་མཐོང་གིན་མི་འདུག
ཆུང་དུས་སུ
འབའ་ཆུ་ནི་ཧ་ཅང་ཆེ་བའི་ཆུ་བོ་ཞིག
ལོ་རེ་བཞིན་གྱི་འུར་ཟིང་ཁྲོད
འབའ་ཆུ་གང་ཞིག་ལ་འཐིམ་ཚར་གྱིན་ཡོད
ད་ལྟ
འདམ་རུལ་ཁྲོད་ཀྱི་སེར་ཆེན་མེ་ཏོག་དེ
འབའ་ཆུའི་ངོ་གདོང་དུ་འཁྲུལ་གྱིན་ཡོད
བུ་མོ་ཞིག
གནས་ལ་འགྲོ་མ་འདོད་པའི་མིག་ཆུ་ལ་འཁྲུལ་གྱིན་ཡོད
འབའ་ཆུ་ནི་གནའ་མྱི་ཚོས་བཤད་པའི་ཆུ་བོ་ཞིག
རང་གི་རྒྱབ་ངོས་ནས་དཀྲོལ་བའི་ཞེ་སྡང་གི་རོལ་དབྱངས
ན་ཟུག་གི་གཡུག་པའི་ལྕག་ཚན་ཞིག་དུ་གྱུར་གྱིན་ཡོད
རང་ཡང་དེ་ལྟ་བུ་ཞིག་དུ་གྱུར་གྱིན་ཡོད
རང་ངོ་རུ་བཞེངས་བསྐྲུན་བྱེད་མ་ཐུབ་པར་ཤོག་སྟོང་ཞིག་དུ་གྱུར་གྱིན་ཡོད
འབའ་ཆུ སྔར་བཞིན་འབབ་ཀྱིན་མི་འདུག
ངོ་ལོག་པའི་མཐའ་འཁོབ
སྔར་བཞིན་འགུལ་གྱིན་ཡོད
བསྒུག་ཀྱང་མ་ཐོབ་པའི
རླབས་ཕྲེང འགྱུར་ཁུགས
མིག་ལམ་དུ་ཁེར་འགྲོ་རུ་གྱུར
སྐྱ་ཡ་མེད་པའི་འབབ་ཆུ
བཏགས་ཁྱི་ཞིག་ལྟར
ངའི་སེམས་ནས་ཤོར་ཐུབ་མ་བྱུང
1.5
རྩོམ་ཁུངས། ངེད་དྲ་བ།