ཕྱིར་དྲན་ཀློང་གི་ཨ་མ།
ནེ་ཙོ་ཚང་ལ་ལོག་པའི་ཉི་རྒས་ཀྱི་དུས་སུ། །
ལྗོན་ཤིང་མགོ་ལྕོག་དུད་པའི་མཚམས་སྤྲིན་གྱི་འོག་ནས། །
བརྡ་རྟགས་རྒྱང་ལ་གཏད་པའི་ཁ་པར་གྱི་བུ་གར། །
ཨ་མ་ཁྱེད་ཀྱི་བརྩེ་བའི་དབྱངས་རྟ་ལ་བསྒུགས་ཡོད། །
ད་ནས་ཡས་བརྩིས་ལོ་རྒན་བཅུ་གཅིག་གི་མཚམས་སུ། །
འདི་ནས་བྱང་བགྲོད་ལེ་བར་ཁྲི་སྟོང་གི་གཞི་རུ། །
བུ་སེམས་རྒྱང་ལ་གཏད་པའི་གསང་བ་ཡི་གསེབ་ནས། །
མ་ཁྱོད་གྱེས་ཕྱག་ཕུལ་བ་མ་གསན་པ་ཁེག་མེད། །
ཁྱེད་བུ་བྲོས་སོང་ཟེར་བའི་སྐད་བརྡ་དེ་གོ་དུས། །
གསོན་བྲལ་མ་བུའི་མིག་ཆུ་ཁོག་པ་རུ་སྦས་ཏེ། །
བཅོ་བརྒྱད་ལོ་ཡི་བུ་ལ་བུ་རྩིས་ཤིག་བཞག་སྟེ། །
ར་མདའ་འགྲོ་མི་དགོས་པའི་གནང་བ་དེ་ཐོབ་སྐད། །
བུ་ལ་ལམ་སྐབས་གེགས་མེད་བསམ་དོན་བཞིན་འགྲུབ་ཆེད། །
རྒྱལ་ཀུན་ཡུམ་གཅིག་དཔལ་མོ་ཏཱ་རེ་ཡི་སྤྱན་སྔར། །
དད་དམ་གཙང་མའི་གསོལ་འདེབས་སྐྱབས་འཇུག་གི་ཆུན་པོ། །
བུ་ཡི་ཕྱོགས་སུ་འཕང་མེད་རྫོངས་པ་རུ་གནང་སྐད། །
དག་ཞིང་ཉི་མ་ལྷ་སའི་གྲོང་ཁྱེར་དུ་འབྱོར་དུས། །
མ་དག་སེམས་པ་མ་ཁྱེད་དྲན་གདུང་གིས་མནར་སོང་། །
འོན་ཀྱང་སྟག་ཤར་དར་མའི་རང་ཚུགས་ཏེ་བཟུང་ནས། །
རྒྱང་བཞུད་སེམས་ཀྱི་དམ་བཅའ་ཕྱིར་མི་ལྡོག་གྱུར་སོང་། །
གཡར་མའི་ཁང་རྙིང་གས་སྲུབས་ཙག་རླུང་སྟེ་ལྡང་དུས། །
གནས་ཚང་གནས་མོས་ཨ་མདོ་ཅིག་ཅིག་ཟེར་བསྡིགས་དུས། །
ཉེས་མེད་ཉེན་རྟོག་པ་ཡིས་ཡང་ཡང་དུ་བསྔོགས་དུས། །
ཕ་ས་ལྷ་ས་ས་མཐའི་བས་མཐའ་རུ་ཚོར་བྱུང་། །
ལྷ་ཆེན་ཇོ་བོར་དད་པའི་དད་རྟེན་དུ་བསམ་སྟེ། །
བརྩེ་ཆེན་ཨ་མར་གདུང་སེམས་གསོ་ཆེད་དུ་བསམ་སྟེ། །
ཆོས་ཆེན་མ་ཎིའི་དུང་འཁོར་མི་ལག་ཏུ་བསྐུར་བ། །
ཁྲེལ་མེད་བུ་ལོའི་སེམས་པ་དྭངས་མོ་རུ་བསྒོམ་རོགས། །
དྲིན་ཆེན་མ་ལོའི་སྐུ་བདེ་མོ་བྱིན་ཆེན་བླ་མ་ལ་མཇལ་འགྲོ། །
འདང་ཆེན་རྩེད་གྲོགས་རྣམས་བདེ་མོ་སྲིད་པའི་གངས་ཆེན་དེ་བརྟོལ་འགྲོ། །
ཕ་ས་གངས་ཅན་ལྗོངས་བདེ་མོ་མི་ཡུལ་ས་མཐའ་རུ་འཁྱམ་འགྲོ། །
ཕུ་ནུ་ས་ཡ་དྲུག་བདེ་མོ་སེམས་ཀྱི་རྒྱལ་ཁམས་ཏེ་འཚོལ་འགྲོ། །
༢༠༡༡་་་༤་་་༨་་་ཉིན་ཨ་མ་ལ་ཁ་པར་ཞིག་གཏོང་རྒྱུ་བྱས་ཀྱང་མ་འཕྲོད་པས་རྐྱེན་བྱས་ཏེ་བྲིས་སོ། །
རྩོམ་ཁུངས། ངེད་དྲ་བ།