ཡུལ་ཤུལ་གྱི་ས་ཡོམ་ལ་རྗེས་དྲན་ཞུ་བའི་སྙན་ངག༣
ལོ་གཅིག་ལོན་པའི་ཡུལ་ཤུལ་ལ་ཕུལ་བ།
གདོད་མའི་རང་བྱུང་མཛེས་པའི་ཁོར་ཡུག་ཀུན། །
གློ་བུར་འཇིག་པའི་སྐྱེ་དགུའི་ཚེ་སྲོག་རྡུལ། །
སྲིད་པའི་ཁམས་སུ་རྔུབ་པའི་མཚམས་སྤྲིན་གྱིས། །
ཡངས་པའི་ས་ཆེན་ཁེབས་པའི་དེ་རིང་དྲན། །
བྱེ་ཟེགས་རྡོ་ཐལ་འཕྱུར་བའི་མྱ་ངན་གྱི། །
གྲོང་གི་བྱིས་ཚོགས་སྐྱོ་བའི་ཡུལ་ཤུལ་དེར། །
གཟུགས་འགྱུར་མི་རྟག་མཚོན་པའི་རྣམ་པ་ཞིག །
གློ་བུར་མཐོང་བས་ཡི་ག་གཏིང་ནས་འགག །
གནའ་བོའི་ཤ་གསར་མར་གྱི་དྲི་བསུང་གིས། །
རི་ལུང་མནམ་པའི་འབྲོག་གི་གྲོང་ཚོ་ཞིག །
སྔོན་སྨོན་ལས་བསྐོས་གསར་བས་སྤོས་ཆབ་ཀྱི། །
ངད་ལྡན་ཞིང་དུ་བསྒྱུར་འདིས་སྐྱོ་ཞིང་དུབ། །
དཔའ་བོའི་གླེན་ཚུགས་འབུར་བའི་མདོ་སྟོད་པ། །
བྱམས་བརྩེ་སྣུམ་པོའི་ཁུགས་ལས་མ་ལྷུང་ཙམ། །
རེ་བ་མཐོ་ལྡན་མདོ་དབུས་གཙང་གི་བུ། །
ཁྱོད་ཚོའི་གཉུག་གཤིས་མདངས་ཀྱིས་མ་བསྒྱུར་ཙམ། །
ཤ་དང་རུས་པ་གངས་ལྡན་ཁྱིམ་ལས་མཆེད། །
གཅེས་པའི་ལུས་སྲོག་འབྱུང་བས་མ་ཁྱེར་བའི། །
བཙན་པོའི་བུ་ཚོགས་གློ་བུར་དྲན་པའི་ཟིལ། །
སེམས་འགྱུར་མཚོན་པའི་རི་མོའི་དྲ་བར་འཐིབས། །
ཞེས་གནའ་མཁར་ཟི་ལིང་དུ་ཤར་གཏོང་བྱས།
ཞེས་གནའ་མཁར་ཟི་ལིང་དུ་ཤར་གཏོང་བྱས།
རྩོམ་ཁུངས། མྱི་ཆེན་གྱི་ཟིན་བྲིས།