ཁྱེད་རང་ཁོ་ནར་དབང་བའི་སྙན་ངག
ཁོ་མོའི་ཞལ་རས་ཟླ་གོར་འདྲ་ཞེས་ཁོ་བོས་བརྗོད་པར་མི་ཕོད་དེ།།
སྐྱེ་ལུས་མེ་ཏོག་ཡིན་ཚུལ་ལབ་པར་ཁོ་བོ་དེ་འདྲའི་གདེང་ཚོད་མེད།།
ཡིན་ཡང་ཨེན་ཙམ་ཨེན་ཙམ་བསགས་པའི་བག་ཆགས་ཤིག་གི་ནུས་མཐུ་ཡིས།།
འགུལ་རྒྱུ་འཕག་རྒྱུ་རང་དབང་མ་ཡོད་བྲང་ཁོག་འདི་ཡི་སྲོག་རྩར་གྱུར།།
ཐོག་མའི་ཐུག་འཕྲད་སྟེས་དབང་ཡིན་མོད་སྟེས་དབང་ལས་ཀྱིས་དེད་འདྲ་རེད།།
ཐོག་མའི་མཚན་མོ་རྒྱུས་མེད་ཡིན་ཡང་གློ་སྙིང་ཕྱུང་བའི་སྔ་ལྟས་རེད།།
ཐོག་མའི་བརྩེ་བར་བློ་གཏད་མེད་ཀྱང་མིག་ཆུ་འཐུང་མང་དྲགས་སོང་།།
ཐོག་མའི་ང་དང་ཁོ་མོ་གཉིས་ཀ་འདི་ལྟར་འདྲེས་ཤིང་འདི་ལྟར་སོང་།།
རི་དང་ཆུ་བོ་མཛེས་ཤ་དོད་ལ་ཆེན་པོའི་རྩྭ་ཐང་བཤམས་ནས་ཡོད།།
ཕ་ཡུལ་མདའ་ཚན་ཇི་འདྲའི་མཛེས་ཤིང་འུ་གཉིས་སྣང་བ་ཇི་འདྲའི་ཡག །
ཞེ་སེམས་སྣང་བ་འདྲེས་བས་མིན་ན་སྙིང་ཆུང་འདི་ཡི་ཁ་དོག་དེ།།
ཐུང་ཐུང་མི་ཚེ་ཡལ་རག་བར་དུ་ཁོ་མོའི་གམ་ནས་བཀྲ་ན་འདོད།།
ཁོ་མོར་འགྲོགས་པའི་ཉིན་ཞག་བདུན་ཅུ་སྐར་ཆ་འགའ་ལྟར་ཐུང་དྲགས་གི །
ཚ་དྲོད་ཅན་གྱི་སྙིང་ཆུང་བར་ནས་ང་ལ་བྲོ་བ་གཞན་ཞིག་བྱིན།།
དྭངས་གཙང་ལུས་ཀྱི་ཤ་དྲོད་དེ་ལས་ཚོར་བ་རྣོན་པོ་འཕྱུར་འོངས་གི །
འཇིག་རྟེན་སྐྱིད་ཀྱི་ཕྱེད་ཀ་ཁྱེར་དེ་ལོ་ཆུང་སྣང་བ་ཧམ་འཐུང་བྱེད།།
བར་ཐག་བཀྱེད་པར་རང་འཐད་མིན་ཡང་གང་ལྟར་ལམ་འདི་འདེད་དགོས་པས།།
ཏག་ཏག་ངེད་གཉིས་ཁ་ངོ་མ་འཕྲད་ཟླ་ངོ་གཅིག་ཙམ་འགོར་ཡོད་གི །
གསུང་སྐད་ངོ་མའི་ཁ་པར་རེ་དང་སེམས་པ་ངོ་མའི་འཕྲིན་ཐུང་རེས།།
མ་བགྲོས་དུས་ཆད་རང་བཏབ་འདྲ་བའི་གཟའ་མཇུག་འཚོ་བ་སྐྱིད་པོ་རེད།།
ཁོ་མོའི་སེམས་པ་དྭངས་གཙང་ཡིན་ལ་ཁོ་མི་དགའ་ས་ང་ལས་མེད།།
ང་ཡི་བརྩེ་བ་ལྕགས་དང་རྡོ་ཡི་བར་གསེང་བརྒྱུད་ནས་ཤོར་འགྲོ་གི །
ཁྲེལ་ཡོད་ངོ་ཚའི་མི་གཤིས་མཁྱེན་མཁན་ང་ཡི་སྙིང་སྡུག་ཁོ་མོའི་ཆེད།།
ཤ་རུས་ཉོག་ཅིང་རྐང་ལག་བཅད་ཅིང་གུ་ཡངས་བརྒྱ་ཡི་བཟོད་གསོལ་ཡོད།།
རླབས་ཆེན་བརྩེ་བ་མི་ལ་ཐོབ་དུས་སུ་དང་གང་ཡང་དགའ་ན་འགྲིག །
སྙིང་ཆུང་དམར་བོས་མི་སེམས་བརླན་དུས་དེ་ལས་དྲིན་ཆེན་མེད་ན་འགྲིག །
མི་ཡི་གཉུག་གཤིས་ཁོ་ནར་གྲུབ་པའི་བརྩེ་དུང་བསྐལ་བརྒྱལ་བརྟན་པར་ཤོག །
སྙིང་ཆུང་དུམ་བུར་བརྩེ་འཕྲིན་འབྲི་དུས་ཚང་མ་བར་ཆད་མེད་པར་སྨོན།།
༢༠༡༡ ༢ ༢༦
རྩོམ་ཁུངས། ངེད་དྲ་བ།