སྟོང་ལྷང་ལྷང་།
དེ་དུས།
སེར་འོད་རབ་ཏུ་འཕྲོ་བའི་ཉི་མ་དེ་ཡང་།
རང་ཉིད་ཀྱི་ལང་ཚོ་ཡོངས་སུ་ཟད་དེ།
ཆེས་མཐོ་བའི་ལ་ཁར།
འཁར་བ་ཞིག་བཟུང་སྟེ་བཞུད་བཞིན་འདའ།
བྲལ་གདུང་གི་ཡོངས་སུ་བཅོམ་པས།
ངའི་རྣམ་ཤེས་དེ་ཡང་།
སྟོང་ལྷང་ལྷང་ངང་།
ཨ་མའི་རྡོ་ཁང་དང་བྲལ་སོང།
དེ་དུས།
ནུབ་རླུང་གྲང་བསིལ་བསིལ་འགའ།
དཔུང་ཐང་སྒྲིག་སྟེ།
ཆེས་སྲབ་པའི་ངའི་སེམས་པ་རྨས་མ་དེ།
དུབ་བུར་དྲས་ནས།
ཕྱོགས་བཞི་མཚམས་བརྒྱད་ལ་འཁྱེར།
དགོང་ག་དེར།
ངའི་སེམས་པ་སྟོང་ལྷང་ལྷང་ངང་།
ཕ་ཡུལ་དང་བྲལ་དགོས་བྱུང་།
དེ་དུས།
ཆེས་ནག་པའི་མུན་ནག་གི་ཁྲོད་ལ།
ངས་ཟུར་དྲུག་ཁ་བ་འབབ་བའི་ཕ་ཡུལ་དེར།
རྒྱབ་ཕྱོགས་ཏེ།
རྐང་ལམ་ཀྱག་ཀྱོག་ཞིག་གི་སྟེང་དུ།
ཆེས་མྱུར་བའི་གོམ་པའི་རྡོག་སྒྲ་དང་།
འཇིགས་སྐྱོ་ཡི་བཟུང་བས་སྙིང་གི་རྡིག་སྒྲ་ལྷན་དུ།
ཁ་བས་གཡོགས་པའི་རི་བོ་ཧི་མ་ལ།
ངའི་སེམས་པ་སྟོང་ལྷང་ལྷང་ངང་།
བརྒལ་དགོས་བྱུང་།
དེ་ནས་བཟུང་།
མི་ལོ་བཅུ་ཕྲག་འགར།
ངའི་འཇིག་རྟེན་ལ།
དགའ་སྐྱོའི་སྒྲུང་གཏམ་མང་རུང་།
རྨས་ཟིན་པའི་ངའི་སེམས་པ་རྨས་མ་དེ།
སླར་གསོ་བའི་སྨན་མཆོག་གི་བདུད་རྩི་ཞིག་མ་ཐོབ་པར།
ད་དུང་ཡང་།
ངའི་སེམས་པ་འདི་སྟོང་ལྷང་ལྷང་།
༢༠༡༡ ༤ ༣། དགོང་མོར།
རྩོམ་ཁུངས། ངེད་དྲ་བ།