བརྩེ་བ་དེའི་ཕྱིར་དུ།
༡
བུ་མོ་དེའི་བརྩེ་བ།
ཆུ་ངོགས་ཀྱི་རླབས་རིས་བཞིན།
རེག་བགྱི་མེད་ལ་འཛིན་བགྱིའང་དེ་བས་མི་འདུག
༢
ནམ་རྒྱུན་དུང་དུང་འདྲ་བའི་སྐད་ཆ་དག་དྲན་ཡོང་ན།
འདས་ཟིན་པ་ཡོད་ཚད་རྨི་ལམ་ཞིག་ཡིན་ན་སྙམ།
རྨི་ལམ་ཞིག་ཡིན་ན་ང་མྱུར་དུ་རྨི་ལམ་དེ་ལས་སད་ན་འདོད།
༣
འོན་ཀྱང་འདི་དག་མངོན་གསུམ་གྱི་འདས་དོན་ཞིག
ངའི་དྲན་འཛིན་ངོས་ལ་ཡང་དང་བསྐྱར་དུ་འཆར་ཐེངས་རེར།
ཞེ་སྐྱ་མོ་ཨ་ཐང་ཆད་ནས་སྡུག་མུན་པས་སེམས་པ་བཀང་གི
༤
ངས་ནམ་རྒྱུན་རང་ཉིད་ལས་གཅེས་པའི་ལྷ་ཚོགས།
ངས་སྙིང་ཁ་རུ་འོད་ལམ་ལམ་གྱིས་སྒོམ་པའི་ལྷ་ཚོགས།
ང་ལ་རྫུ་འཕྲུལ་གྱི་མཐུ་ཞིག་སྩོལ་རོགས་གནོངས།
༥
ང་ནམ་རྒྱུན་ལོ་ཟླའི་ལྟེབ་ཁུག་རེ་རེ་དང༌།
བརྩེ་དུང་གི་རླུང་བུས་རྒྱུ་ཕྱོགས་རེ་རེ་ནས།
དྲང་ངེར་འགྱིང་སྟེ་ཁོ་མོར་སྒུག་ནས་ཡོད།
༦
ཟག་བཅས་ཀྱི་ལུས་པོ་འདི།
ནམ་ཞིག་འབྱུང་བཞིའི་ལས་ལ་འཐིམ་དགོས་སྙམ་ན།
ང་ཁོ་མོའི་ལུས་ཐོག་གི་སྐྲ་རྐང་ཉག་ཅིག་ཀྱང་བྱས་ཆོག་ཆོག་ཡིན།
--2011/4/8ཉིན་ཟི་ལིང་ནས།
རྩོམ་ཁུངས། ངེད་དྲ་བ།