འདོད་པས་བཟི་བ་ང་ཁོ་ན་མ་རེད།
བག་མེད་པའི་མཚན་མོ་འདི་ས་ཆེན་པོའི་རུམ་དུ་འཛུལ་རྗེས
སྒམ་ཆུང་ལྟ་བུའི་མལ་ཁྲི་ཆུང་ཆུང་འདིའི་སྟེང
ངས་འདོད་ཧམ་དང་ཨག་སྐད་ཀྱིས་བསླུས་པའི་མཚན་མོ་དེ་དག་སེམས་སུ་སྒོམ་བཞིན
དྲོད་གྲང་མི་ཚོར་བའི་སྔས་མགོ་ལ་འགྲམ་པས་རློན་ཞོར
ལ་ཕུག་ལྟ་བུའི་རང་གི་ཕོ་མཚན་ལ་བྱིལ་བྱིལ་བྱེད་ཅིང་སེམས་གསོ་བྱས
འདོད་ཆགས་ཀྱི་ཟ་འཕྲུག་སློང་བའི་མཚན་མོ་རེ་རེ་གཉིད་ཀྱིས་བསྐྱོགས་འདོད་མོད་ཀྱང
འདོད་ལྷ་རྒན་པོ་འདི དཔུང་ཤུགས་དང་མཐུ་སྟོབས་ཧ་ཅང་ཆེ་བས
ངའི་གཉིད་ཀྱི་ས་བོན་བཙན་གྱིས་ཆུ་ལ་བསྐུར
གཉིད་མི་ཁུག་པའི་མཚན་མོ་རེ་རེར
ཁ་ཆེ་ཆེར་གདངས་པའི་མིག་ཟུང་གིས
མོ་མཚན་བཞིན་ནག་རོག་གེར་ང་ལ་ཅེར་བའི་སྒེའུ་ཁུང་གི་དྲ་མིག་བརྒྱུད་ནས་ཕྱི་རོལ་ལ་ལྟ་དུས
འདོད་ཆགས་ཀྱི་ཁམས་དཀར་འཕྱོ་བའི་རྒྱུ་སྐར་ཚོགས་ཀྱིས་ཀྱང
ས་ཆེན་པོ་འདིའི་མུན་ནག་གི་ཟིང་འཁྲུག་ལ
སོ་ལྟ་དང་ལྐོག་ཉན་བྱེད་ཀྱིན་པའང་གཞི་ནས་ཚོར
༢༠༡༡ ༣ ༢༥
རྩོམ་ཁུངས། ངེད་དྲ་བ།