དྲན་པ་དེ་སྡུག་བསྔལ་ཞིག
བགྲང་བྱ་གསུམ་གྱི་བརྩེ་བ་དེ་དག་བདག་གིས་དྲན་མོད་ཀྱང༌།།
གཞན་གྱི་གོང་བའི་ཐོས་ཀྱང་གླེང་རིན་མེད་པའི་འདས་དོན་ཞིག།
སྐབས་རེར་སེམས་ཀྱི་སྒོ་མོ་གཏད་ཏེ་རང་སེམས་གསོས་ན་ཡང༌།།
དྲན་གདུང་མིག་ཆུ་དེ་ཡིས་ལུས་པོའི་ཕྱི་ནང་རློན་གྱིན་འདུག
དྲན་པ་འཕྲིན་ལ་བྲིས་ཏེ་ཁྱོད་ཀྱི་ཕྱོགས་སུ་བསྐུར་འདོད་ཀྱང༌།།
ཆ་འཕྲིན་འཕེལ་རྒྱས་ཞན་པའི་རང་ཅག་འབྲོག་པའི་ཡུལ་ས་ནས།།
ཁྱོད་ཀྱི་ལག་ཏུ་ཨེ་འབྱོར་སྙམ་པའི་ཐེ་ཚོམ་སྒོར་སྒོར་དེས།།
རང་སེམས་བྱང་ཐང་སྟེང་ལ་སྐྱོ་བའི་བུ་ཡུག་འཚུབ་ཀྱིན་འདུག།
དགུང་ནས་འབབ་པའི་ཆར་བ་ཟམ་ཟིམ་དྲན་པའི་མཆི་མ་ཞིག།
ས་ནས་སྐྱེས་པའི་མེ་ཏོག་སྣ་བརྒྱ་ཁྱོད་བཞག་དྲན་རྟེན་ཅིག།
རླུང་གིས་བསྐྱོད་པའི་ལྕུག་ཕྲན་དག་གིས་ཁྱོད་ལ་གཡབ་མོ་ཞིག།
ས་མཐའི་བུ་ཆུང་དྲན་པའི་གདུང་བས་སྐྱོ་བའི་ཤུགས་རིང་ཤོར།།
---2011.3.19ཉིན་ཟི་ལིང་ནས།
རྩོམ་ཁུངས། ངེད་དྲ་བ།