འབྲི་མོའི་ངུར་སྒྲའི་ཁྲོད་བསྐྱུར་བའི་ངའི་ཕ་ཡུལ།
ཕ་ཡུལ་ཟེར་ན ཐག་རིང་ཐག་རིང་ཞིག་རེད
ཟླ་འོད་ལ་གསལ་ཆ་མེད་པའི་ལོ་རྒྱུས་ཤིག་གི་རྒྱབ་ལྗོངས་ནས
རླུང་བུ་ཞིག་ཕ་ཡུལ་གྱི་ཕྱོགས་སུ་འདི་ལྟར་ལྡང་དུས
ངའི་ལྷུག་རྩོམ་ལྟ་བུའི་ལུག་ཁྱུ་འདྲོགས་ནས་ཞོགས་ལོས་སོང་འདོད་ན
སྐྱི་ལྤགས་དང་ཁྲག་སྦུབས་བར་ན་འཁྱིལ་བའི་ངའི་ཁྲག་དང་ལང་ཚོ
ས་ཆེན་དང་རི་བོའི་དཔུང་ཚོགས་ཀྱི་བྲང་ཁོག་ཏུ་བཞུར
ཨ་མ་ཟེར་ན རྒས་འཁོགས་རྒས་འཁོགས་ཞིག་རེད
ཉི་ཟླའི་འཛུམ་མདངས་བོར་བའི་འཇིག་རྟེན་གྱི་མཚན་མོར
སྦྲ་ནག་དང་ལུག་ཁྱུའི་རྣམ་ཤེས་དུར་བྱང་ལ་འབྲི་དུས
རབ་འབྱམས་ཀྱི་རྩྭ་ཐང་ན་འཚོ་བའི་ངའི་འབྲོང་ཁྱུ
སུ་ཞིག་གིས་སྦྱིན་སྲེག་བྱས་ལོས་བཏང་འདོད་ན
རི་ཆུ་སྟོང་ཕྲག་གིས་གྱེས་བའི་སེམས་ཀྱི་ཕ་རོལ་ན
མིག་ཆུ་ལས་ལྷག་པ་ནི སྙིང་ཁོང་ན་འབར་བའི་ཁྲག་རྒྱུན་ཡིན
སྦྲ་ནག་ཟེར་ན ཆ་མེད་ཆ་མེད་ཅིག་རེད
ཕ་ཡུལ་གཙང་བོ་དང་འདྲེས་ནས་བཞུར་བའི་ས་སྲོད་ཅིག་གི་ཧྲག་བར་
ནས
མཚན་སྨག་ཅིག་ལྷིང་འཇགས་ཀྱི་རྩྭ་ཐང་ལ་འདི་ལྟར་འཇབ་འོངས་དུས
དཔའ་འཛངས་དང་རྟུལ་ཕོད་ཀྱིས་ཕྱུག་པའི་ས་སྒང་འདིའི་གཞི་འཛིན་པ
རྐྱང་རྒོད་ཀྱི་ཁྱུ་དང་འདྲེས་ནས་བཞུར་ལོས་སོང་འདོད་ན
ཤ་ཁྲག་དང་རྔུལ་ཆུས་བསྐྲུན་པའི་པོ་ཏ་ལའི་རྩིག་གསེང་ན
ཤོག་བུས་བཟོས་པའི་གནའ་མྱི་ལྷག་མ་ཚོ
ཕ་ཡུལ་གྱི་མཛེས་སྡུག་ཁོ་ནར་དུང་ནས་སྡུག་ཤི་རྒྱག་གིན་འདུག
འབྲོང་ཁྱུ་ཟེར་ན རྒྱང་རིང་རྒྱང་རིང་ཞིག་རེད
སྤང་ལྗོངས་དང་མེ་ཏོག་གིས་མི་ཡུལ་ལ་བཞི་ཤད་འགོད་པའི་ཁ་སང་དེ་རིངའབྲོང་རྒོད་ཀྱི་རྭ་རྩེར་འཕུར་བའི་གངས་ཅན་པ
ཁ་བ་འབབ་ཐེངས་གཅིག་གིས་ཁྱོད་ཀྱི་གློ་སྙིང་མཆིན་གསུམ་གཅིར་ལོས་འགྲོ་བསམ་ན
ཟུངས་ཁྲག་དང་མིག་ཆུས་བྲིས་པའི་ལོ་རྒྱུས་ཤིག་གི་ཁོང་གསེང་ནས
དགུན་འཁྱག་ཁོ་ན་ལ་གཟན་པའི་འབྲི་མོའི་ཕ་ཡུལ
སྟག་གཟིག་གི་མཆེ་བར་ན མྱ་ངན་གྱིས་གདུངས།
2009/ 10/ 23
རྩོམ་ཁུངས། ངེད་དྲ་བ།