གློ་བུར་བའི་བསམ་གཞིགས།
རྒྱང་བཞུད་འཚོལ་ཤེས་བསྙེལ་བའི་འགྲུལ་སྟངས་ཀྱི་གོམ་སྒྲ།
ན་ཟུག་སྤར་སྙིམ་གང་གིས་བརྡབ་བཞིན་པའི་སྙིང་ཕུར།།
རྙིང་ཐེད་གཙགས་ལ་འཚེམས་པའི་སེམས་འགྱུ་ཡི་རེ་ཁ།།
ཡིད་གཞུང་བརྩེ་བས་འཐིམས་པའི་གསང་མིག་གི་རྒྱལ་མཚན།།
ཞེན་སེམས་གང་བུར་བསྙབས་པའི་སྦྲ་ནག་གི་གྱེས་འབོད།།
སོས་དལ་ཉི་མར་ལྡེ་བའི་ཁུ་སིམ་གྱི་འཇིག་རྟེན།།
དྲན་རེག་འཛད་དུ་མནོས་པའི་ཚེ་སྲོག་གི་གཏའ་མས།།
རློམ་སེམས་གཏར་ཁ་བགྱིས་པས་ཞེད་སྣང་དུ་འགྲས།།
རྣམ་ཤེས་འཕུར་བསྐྱོད་བསྡེབས་པའི་ངར་ཤུགས་ཀྱི་གཤོག་འགྱུར།།
བདེན་པའི་བུ་ཆུང་སྒྲོལ་བའི་སྙེག་ལམ་གྱི་མཁའ་དབྱིངས།།
བློ་སྤོབས་སྣོད་དུ་འཇོ་བའི་སྤྱན་ཆབ་ཀྱི་ཐ་སྙད།།
ལྡོངས་བའི་བྲིས་ནོར་ཐེབས་པའི་འཇིགས་རུང་གི་དན་རྟགས།།
ཅོ་འདྲི་ཚིག་གིས་བརྙས་པའི་ཉམས་སྣང་གི་བཟོ་ལྟ།།
དྲང་བཞག་གཟུར་གནས་འཆོལ་བའི་འདས་ལོག་གི་རྟོག་འགྱུ།
འཁྲུལ་ཤེས་བཟློག་བསྒྱུར་དཀའ་བའི་ནད་རྙིང་གི་རྨི་ལམ།།
ངེས་མིན་གཟེབ་ཏུ་ཚུད་པའི་མུན་ནག་གི་བསླུ་བྲིད།།
ཉམ་ཆུང་སེམས་ལ་འགེལ་བའི་བདེན་འཚོལ་གྱི་ལྕུག་ཕྲན།།
སྙིང་སྟོབས་ཐགས་སུ་ལྟེབས་པའི་ཡིད་ཆེས་ཀྱི་སྲོག་ཤིང༌།།
སེམས་སྦྱོར་རྩུབ་ལ་བརྡར་བའི་བྱས་ཉེས་ཀྱི་ཁུར་བོ།།
མི་བཟོད་ཐེག་ཏུ་དཀའ་བའི་རྣོ་ངར་གྱི་གྱོང་གུད།།
དད་ལོང་མཐོ་རིས་འགྲིམས་པའི་སྐྱབས་ཡུལ་གྱི་དགུ་ཚིགས།།
རང་སྣང་བག་ལ་ཞ་བའི་ངན་ངོན་གྱི་འཚོ་གཞིས།།
འུ་དོད་རྨ་ཁ་འབྲབ་པའི་སྡུག་བསྔལ་གྱི་གདུང་སེམས།།
ཇི་སྙེད་ལས་དབང་གཏམས་པའི་ཨུ་ཚུགས་ཀྱི་འབྲས་རྡོག།
ཁ་ཆེམས་མེ་ལོང་འཚེར་བའི་འོད་སྟོང་གི་སྣང་བརྙན།།
ངོ་སོ་འཕྲེད་དུ་གཅོད་པའི་བསྟོད་ངག་གི་འཕྱང་འཕྲུལ།།
ངལ་བའི་ཀློང་དུ་འབྱམས་པའི་ཐེར་ཟུག་གི་གཤིས་ལུགས།།
རང་སྲོག་འོབས་སུ་ལྕེབས་པའི་དགོས་མེད་ཀྱི་རིན་ཐང༌།།
རྩོམ་ཁུངས། ངེད་དྲ་བ།