སྒྱུ་མའི་རང་མདངས།
གསར་བུ་རེ་ལ་ལག་འཁྱེར་ཁ་པར་རེ། །
ཁ་པར་རེ་ལ་སྒེག་ལྡན་སྒྲོལ་མ་རེ། །
སྒྲོལ་མ་རེ་ལ་གཡོ་སྒྱུའི་ཚིག་མདའ་རེ། །
མཇུག་འབྲས་མེད་པའི་ངང་ཚུལ་སྐྱོ་བོ་རེད། །
དགོན་སྡེ་རེ་ལ་བརྗིད་པའི་བླ་དཔོན་རེ། །
བླ་དཔོན་རེ་ལ་ཡིད་འཕྲོག་རིག་མ་རེ། །
རིག་མ་རེ་ལ་འདོད་པའི་ཧམ་སེམས་རེ། །
རྒྱུ་འབྲས་མེད་པའི་ཝ་མོའི་སྦྱོར་སྟངས་རེ། །
སྡེ་བ་རེ་ལ་ཁོག་མཁས་སྡེ་དཔོན་རེ། །
སྡེ་དཔོན་རེ་ལ་རྣོ་ཡི་ལག་པ་རེ། །
ལག་པ་རེ་ལ་ཚོན་པོའི་མཚང་ར་རེ། །
དྲང་བདེན་མིན་པའི་ཁྱི་ཡི་སྤྱོད་ཚུལ་རེ། །
༢༠༡༠
རྩོམ་ཁུངས། ངེད་དྲ་བ།