ཕ་ཡུལ་གྱི་ཁ་བ་དང་གཞན་དག།
ཁ་པར་སྣེ་མོའི་སྒྲ་གདངས་ལ་རྣ་བ་གླགས་ན
ཕ་ཡུལ་ན་ཁ་བ་མཐུག་པོ་ཞིག་བབས་ཡོད་ཚོད་རེད
ནམ་རྒྱུན་ཉི་འོད་འཕྲོ་ས་དེ་དག
དེ་རིང་རྗེས་ཤུལ་ཙམ་ཡང་མི་མཐོང་ཟེར
ཉི་འོད་ལ་གོམས་པའི་ཕ་ཡུལ
ཁ་བ་མཐུག་པོ་དེའི་འོག་ན
ཧ་ཅང་ཉམ་ཐག་གིས
ཧ་ཅང་ལྷིང་འཇགས་ཀྱིས་འཁུམ་འདུག
ཨ་ཕས་སྐད་འདར་འདར་གྱིས་དེ་ལྟར་གསུང་གི
སྐབས་འདི་དག་ལ
ཨ་མས་མ་ཎི་ཕྲེང་བ་དེ་བསྡམ་ནས
ལས་དབང་ལ་ལེ་བདའ་བྱེད་གྱིན་ཡོད་ངེས
ཕུ་བོས་རླུང་རྟ་དཀར་པོ་དེ་སྐྱོར་ནས
ཡུལ་ལྷ་གཞི་བདག་ལ་མཆོད་གྱིན་ཡོད་ངེས
དོ་ནུབ ངས་ཁ་བ་དྲན་གྱིན་མེད
ཁ་བའི་འོག་ཏུ་འཁུམ་པའི་ཕ་ཡུལ་གྱི་ཉི་ཟེར་དག་དྲན་གྱིན་མེད
ཡང་སྙིང་དོ་ནུབ ངས་རང་ཉིད་དྲན་གྱིན་ཡོད
རང་ཉིད་དང་འབྲེལ་བའི་གོམ་སྒྲ་ཞིག་དྲན་གྱིན་ཡོད
ཁ་བ་བཅགས་བྱེད་ཀྱི་གོམ་པ་ཞིག་བརྡར་གྱིན
༢༠༡༡ལོའི་ཟླ་༤་བའི་ཚེས༧ཉིན།
རྩོམ་ཁུངས། ངེད་དྲ་བ།