ཁྱོད་སོང་རྗེས།
མེ་ཏོག་གི་ནམ་ཟླ་འཁྱགས་རོམ་གྱི་སྦུབས་སུ་དྲངས་སོང
ལྷན་འཛོམས་ཀྱི་ལོ་ཟླ་གྱེས་བྲལ་གྱི་རལ་གྲིས་གཏུབས་སོང
ཁེར་རྐྱང་ཁོ་ན་རང་གི་གྲིབ་གཟུགས་བཞིན་མདུན་དང་རྒྱབ་ན
མདུན་གྱི་འཛུམ་མདངས་དེར་ཁ་དོག་དང་བྲོ་བ་མི་འདུག
རྒྱབ་ཀྱི་སྐད་ཆ་དེར་སྙིང་བོ་དང་སྙན་ཆ་མི་འདུག
ཤུགས་རིང་གི་སྣེ་མོར་ཤུགས་རིང་མཐུད་པའི་ཁ་སང་དེ་རིང
ང་འདུག་ས་འདི་དམྱལ་ཁམས་ཟེར་བ་དེ་ཡིན་ནམ
ཉི་མ་དེ་དག་གི་འཛུམ་མདངས་དང་སྐད་ཆ་དག་དྲན་ན
ཉི་མ་དེ་དག་གི་ལག་རྡང་དང་འཐམ་འཁྱུད་དག་དྲན་ན
ཁ་སང་དེ་རིང་གི་ཉི་མ་འདི་དག་གིས
ང་ལ་འབར་ཞུན་རྐང་གཅིག་གི་གོ་ཡང་མི་ཆོད
དྲ་ཁང་དུ་སོང་ནས་རྩེད་མོ་རེར་གཡེང་ཀྱང
ངས་སྤྲོ་སྣང་སྤར་གང་ཡང་མ་རྙེད
རྒྱ་སྲང་དུ་ཉུལ་ནས་འཆམ་འཆམ་རེ་བྱས་ཀྱང
ངའི་སེམས་ངལ་ཏོག་ཙམ་ཡང་མ་སངས
ཉི་མ་འདི་ཚོར
ང་རང་གནམ་ཁབ་ཀྱིས་བཏགས་པའི་ནད་པ་ཞིག་ལྟར
མི་ཚོས་དཔྱིད་ཀར་འབོད་པའི་ནམ་ཟླ་སྐྱ་བོ་འདིའི་ངོགས་ན
ཅི་བྱ་གཏོལ་མེད་དུ་ལུས་ཡོད ཅི་བྱ་གཏོལ་མེད་དུ་ལུས་ཡོད
༢༠༡༡ ༤ ༡༧ ཉིན།
རྩོམ་ཁུངས། ངེད་དྲ་བ།