སྙིང་གྲོགས་རླུང་ཁྱེར་མ།
གཅིག
སྙན་ངག་པའི་སེམས་རྩ་འཇིག་རྟེན་གྱི་གནས་ལུགས་ལ་འགྲིམ་དུས།
ཡུལ་མི་ཚོའི་ལག་ཟུང་རང་སྟེང་དུ་མི་གླན་ཀ་མེད་བྱུང་།
དེ་དུས་བློ་འབྱེད་ཀྱི་རྨི་ལམ་ཐོག་མ་རྨི་བའི་ཁྱོད།
གྲངས་མང་བའི་རྩེ་གྲོགས་ཚོའི་བྲོ་ར་ནས་བླ་ལྷག་གིས་མཐོང་ནས་འོང་།
ཁྱོད་རང་མི་ཆེན་ཞིག་གི་གཅེས་ཕྲུག་མར་བརྫུས་ཡོད་པར་ཁོ་བོས་ཡིད་སྨོན་མ་སྐྱེས་མོད།
ཁྱོད་རང་རྒྱུ་ཆེན་གང་གི་ཤུལ་འཛིན་མར་གྱུར་འདུག་པར་ཁོ་བོས་ཁ་འབོད་མ་ཤོར་མོད།
ཁོ་བོ་ཁྱོད་ཚང་ལ་ཐོན་པའི་ཉིན་དེ་དག་ལ།
ཁྱོད་ཀྱིས་དམིགས་བསལ་གྱི་ལྟ་སྟངས་ཤིག་བདག་ལ་འཛིན་གྱིན་འདུག་པས།
ཁོ་བོས་ཀྱང་ཉིད་ཀྱི་སེམས་པའི་ཟབ་ས་ཞིག་ལ་ཀློག་ཁུལ་མི་བྱ་ཐབས་མེད་གྱུར།
གཉིས།
ཁྱོད་ཀྱིས་གུས་འདུད་དང་བཅས་ཏེ“ངའི་ལམ་སྟོན་གྱི་དགེ་རྒན”ཞེས་བདག་ལ་མི་གསུངས་རོགས།
ཁྱོད་ཀྱིས་ལས་བྱ་དང་མཉམ་དུ“ངའི་སྤྱི་གཙུག་གི་སློབ་དཔོན”ཞེས་བདག་ལ་མ་འདོན་ཞིག
བདག་ནི་ཁྱོད་ལ་བྲན་གཡོག་གི་སྤྱོད་ཚུལ་སྐྱོང་བའི་དགེ་རྒན་བསམ་གནག་དེ་མ་ཡིན་པར།
ཁྱོད་ཉིད་མེ་ཏོག་གི་འདུ་ཤེས་སུ་རྙེད་པའི་སྨྱོན་པ་ཁ་ནག་དེ།
བདག་ནི་ཁྱོད་ལ་བརྗིད་བརླིང་གིས་སློབ་ཁྲིད་གནང་བའི་སློབ་དཔོན་མིང་ཆེན་དེ་མ་ཡིན་པར།
ལས་དབང་ལྷག་མས་གདོང་ཐུག་བྱུང་བའི་ཁྱོད་ཉིད་དབྱངས་ཅན་མར་སྒོམ་པའི་སྤྲང་བོ་ལས་ཅན་དེ།
ཁྱོད་ཀྱིས་བདག་ལ་དུངས་བ་ལན་གཅིག་བསྟན་ན་མེ་ཏོག་དང་རླུང་རྟ་མ་བཏུས་ཀྱང་ཆོག
ཁྱོད་ཀྱིས་བདག་ལ་དགའ་རབ་ཚར་གཅིག་བརྗོད་ན་བློ་རྒྱུགས་དང་དྲི་རྒྱུགས་མ་སྤྲད་ཀྱང་ཆོག
དེ་ལྟ་མིན་ན་ཁྱོད་ཀྱིས་མངོན་ཆུང་གི་རྣམ་འགྱུར་ག་ཙམ་བསྟན་ཡང་བདག་གིས་རློམ་མི་སྲིད།
ཁྱོད་ཀྱིས་བསྟོད་བཀུར་དང་ལེགས་སྐྱེས་ཅི་ཙམ་སྦྱར་ཡང་བདག་ཉིད་སྤྲོ་མི་ཐུབ།
ཨ་རོག དྲང་མོར་འཆད་ན་ཁོ་བོ་ཁྱོད་ལ་དགའ་ཆོག་པའི་ཐོབ་དཔང་ཅི་ཡང་མེད་ཀི་མོད།
སྔོན་སྨོན་རིང་བོ་འདིའི་དབང་གིས་མི་ཧྲུལ་བདག་ཀྱང་།
ཁྱོད་ཀྱི་མིག་མཐའ་ན་འཁོར་བའི་ཕྱེ་ལེབ་གཤོག་ཡས་ཤིག་ཏུ་གྱུར་ཟིན་ན་ཐང་།
གསུམ།
“བརྩེ་བ”ཞེས་པ་འདི་ཁ་ལྕེ་ཙམ་གྱི་ན་ཟུག་ལས་གྲུབ་པ་མིན་ན།
“དུངས་ཞེན”ཞེས་པ་འདི་འཛུམ་མདངས་ཙམ་གྱིས་ཁ་ཚོན་མི་ཆོད་ཚེ།
བདག་ནི་རི་རབ་ལས་བརྟན་ཀྱང་ཁྱོད་མཐོང་བཏང་ན་གཡོ་འགུལ་ཙམ་འཆོར་ཞིང་།
བདག་ནི་མེ་ལྕེ་ལས་བཙན་ཡང་ཁྱོད་ལ་འཕྲད་བཏང་ན་གྲང་འདར་ཙམ་རྒྱག་དགོས་བྱུང་།
བདག་གི་སྙིང་ཀ་རུ་ལྡེམ་མེར་འཁྱིལ་བའི་སྙིང་གྲོགས་རླུང་ཁྱེར་མ།
ཁྱོད་ཀྱང་ས་དེ་ནས་ཡུལ་འདི་སར་སྐྱོད་པའི་དར་ལྕོག་ལྡོམ་པོ་ཞིག་ཡིན་ཚོད་མིན་ཡང་།
ཁྱོད་ཀྱང་མི་སུ་ཞིག་ལ་གནས་གང་ཞིག་ནས་གཤིས་ཅི་འདྲ་ཞིག་སྟོན་པའི་འདྲ་མེད་མ་དེ་ཡིན་ཚོད་མིན་ཡང་།
བདག་གི་སེམས་མཐིལ་འདི་དཀར་གཙང་ཡིན་པའི་རྐྱེན་གྱིས་ཡིན་ནམ།
བདག་གི་ཁ་ལག་འདི་བཀྲུས་མ་ཡིན་པའི་དབང་གིས་ཡིན་ནམ།
བདག་གི བདག་གི་འཆད་སྒྲོས་འདི་བཅོས་མ་མ་ཡིན་པའི་སྟོབས་ཀྱིས་ཡིན་ནམ།
ཁྱོད་ཀྱིས་ལོ་གྲངས་བཅྭོ་བརྒྱད་ལ་བསྙལ་བའི་ཨ་རག་ཕོར་བ་གང་བོར།
བདག་གིས་ཀྱང་ཁམ་བུ་གང་འཐུང་ན་ཆོག་རྒྱུ་རེད་ལཱ།
བཞི།
མིག་ཆུ་མི་འབྱིན་རོགས། སྨྲེ་སྔགས་མི་འདོན་རོགས།
ད་དུང་དྲན་རྟེན་ཡང་མི་དབུལ་རོགས།
ཁྱོད་ཀྱི་མིག་ཆུ་དང་སྐྱོ་གཞས་རྣམ་དག་མིན་པས་མིན་ཡང་།
ཁྱོད་ཀྱི་དྲན་རྟེན་དང་གྱེས་ཕྱག་རྫུན་མ་ཡིན་པས་ག་ལ་ཡིན་ཡང་།
བདག་ནི་དེ་དག་ལོངས་སུ་སྤྱོད་པའི་སྐལ་བ་ཅན་དེ་ཡིན་མི་དཔེ་བས།
བདག་ནི་དེ་དག་ཕྲེང་བར་བརྒྱུས་པའི་གཞོན་ནུ་ལས་བཟང་ཅན་དེ་གཏན་ནས་ཡིན་མི་སྲིད་པས།
ཁྱོད་ཀྱི་མི་ཚེ་འདིའི་མཛེས་སྡུག་མཐའ་དག་རང་གི་ཉེ་སར་རིག་རིག་ཏུ་ལྟ་བའི་བྱིའུ་ཐུ་དེ་ཚོ་ལ་བྱིན་ཅིག
བདག་གི་ལག་པ་ཁྱོད་ཕྱོགས་སུ་མི་བསྲིང་བ་མིན་མོད་མི་ཐུག་པ་ཡིན་གྱི།
བདག་གི་རྐང་པ་ཁྱོད་ཕྱོགས་དེར་མི་སྤོ་བ་མིན་ཡང་མི་འཕྲད་པ་ལགས་པས།
བདག་ལ་ཐམས་ཅད་འཐོབ་པར་འདོད་ཀྱང་།
རང་ལུས་སུ་གནས་པའི་ལྕགས་ཐག་མང་བོ་འདིས་ལེན་དུ་མི་འཇུག་གོ།
སྒྱེ་མོ་སྟོང་བ་ཞིག་ཁེར་རྐྱང་དུ་ནམ་མཁའ་རུ་ཁྱེར་སོང་།
སྡོང་ལོ་འཐོར་བོ་ཞིག་ཁེར་རྐྱང་དུ་གཞུང་ལམ་དེར་དེད་སོང་།
ལས་ངན་བདག་ཀྱང་ཁེར་རྐྱང་དུ་ས་མཐའ་འདི་རུ་བུད་ཡོང་།
སྒྱེ་མོ་ལ་ཕྱིར་འོང་མེད་པ་བདེན་ཡང་།
སྡོང་ལོ་དེས་ཕྱིར་བལྟས་མི་བྱ་བ་སྲིད་ཀྱང་།
བདག་གིས་ནམ་རྒྱུན་ཁྱོད་ཀྱི་བྲང་ཀ་རུ་སེམས་པ་གླན་ནས་ཡོད།
2006/01/07ཉིན་ཁམས་གསེར་ཐང་།
〖ཟུར་འཕྲོས་ཀྱི་སྐད་ཆ〗སྙིང་ངག་འདིའི་རྩལ་ནུས་ཆ་ཚང་འདི་ལྟར་སྔོན་ཞིག་ནས་རྙིང་ཟིན་སྲིད་ཅིང་སྙིང་ངག་ནང་གི་སྙིང་གྲོགས“རླུང་ཁྱེར་མ”དེ་ཡང་དེ་དུས་ཤིག་ནས་འཐོར་རླུང་གཞན་ཞིག་དང་བསྡོངས་ཏེ་མིག་གིས་མི་ཟིན་པའི་ཡུལ་ཕྱོགས་ངེས་མེད་ཅིག་ཏུ་འཁྱེར་ཚར་མོད།སྙན་ངག་འདི་ཉིད་བཞེངས་མཁན་གྱི་སྙན་ངག་པ་ཁོ་ནི་དེ་རིང་ཡང་དེ་དུས་ཀྱི“སྤྲང་བོ་ལས་ངན”གང་ལས་གཞན་དུ་ཁྱོན་ནས་འགྱུར་མེད་ལ།ལྷག་ཏུ་ཁོ་ལ་མངའ་བའི་དྲན་པ་ཟབ་མོ་དེ་དང་ཁོ་རང་བརྒྱུད་པའི་མི་ལོ་གསུམ་འདས་པའི་ཡར་སྔོན་གྱི་གཏམ་རྒྱུད་དེ་དག་ནི།ད་དུང་ཡང་ཁ་སང་གསར་དུ་བྱུང་བའི་གནས་ཚུལ་ཞིག་དང་ཀུན་ནས་འདྲ་ཞིང་མདང་དགོང་སོ་མ་རྨིས་པའི་རྨི་ལམ་རིང་བོ་ཞིག་དང་ཡང་ཀུན་ནས་མཚུངས་ཨང་།དེ་བས་ཡིད་ལ་འོང་མྱོང་ཞིང་བློ་ལ་ཟུག་ཟིན་པའི་སྙན་ངག་པ་ཁོའི་སྙིང་སློག་མཁན་གྱི“རླུང་ཁྱེར་མ”དེ་ནི་སུ་ཞིག་ལ་དབང་ཚར་ཞིང་གང་ཞིག་དུ་ལྷུང་ཕྱིན་ཀྱང་།དུས་གཏན་དུ་ཁོས་ཨུ་ཚུགས་མཐའ་བསྐྱལ་གྱིས་སེམས་དྲོན་མོའི་སྦུབས་སུ་བསྙལ་ཀི་ཡོད་ལ་ཁོག་རུས་པའི་གཏིང་ལ་བཞག་ནས་ཡོད་དོ།།
2010/09/19ཉིན་ཁམས་གསེར་ཐང་།
རྩོམ་ཁུངས། ངེད་དྲ་བ།