རུལ།
ལྗང་མདོག་རྫུན་མ་དེའི་བྲང་གཞུང་ལ་རེག་ཐེངས་རེ་རེར།
ན་ཟུག་ཅིག་སོར་རྩེ་ནས་སྙིང་གི་ཟབ་ས་རུ་འཚང་བཞིན་འདུག
ཤེས་མཁན་ཚོས་གླེང་མི་ཕོད་ལ་གླེང་མཁན་ཚོས་སྒྲུབ་མི་ནུས་པའི་སེམས་ནད་འདི།
བཙོག་ཆུ་དང་ལྷན་དུ་སྙིང་རྩ་ན་རུལ་བཞིན་འདུག
རུལ་བཞིན་འདུག
བཙོག་བཟོ་དེ་དག་གི་བཙན་འཛུལ་གྱི་རྒྱབ་རོལ་ན།
ནམ་ཟླ་ཞིག་གི་ངོ་གདོང་ཡོད་ལ།
ནམ་ཟླ་དེའི་མཆེ་རྡེར་གྱི་ངར་ཁ་ན།
ཨ་ཕའི་གཏམ་རྒྱུད་ལྗང་ཁུ་དེའི་མདུན་ལྗོངས་ཡོད།
ཨ་ཕའི་གཏམ་རྒྱུད།
ནམ་ཟླ་ཞིག་གི་ཐུ་འོག་ན་ལྗང་མདོག་ལ་རེ་ནས་ཡོད།
ཁྲོམ་ར་ནས་སློབ་གྲྭ། སློབ་གྲྭ་ནས་རྩྭ་ཐང་བར།
བྱང་ཐང་གི་བྲང་ཁོག་ཇེ་ཆེ་རུ་འགྲོ་ཞིང་།
ཨ་ཕའི་ལྗང་མདོག་གི་གཏམ་རྒྱུད་ཡོད་ཚད།
ས་རྡུལ་ལ་སྐྱོན་ཅིང་རླུང་དམར་ལ་ཞོན་ནས།
མཁའ་རུ་འཕགས་ཅིང་དམིགས་མེད་དུ་སྐྱོད།
ཆར་ཆུ་ཆད་པའི་ལོ་ཟླ་འདིའི་རུམ་ཁ་ན།
ལྗང་མདོག་གི་ལྭ་བ་གྱོན་ནས་ལྗང་མདོག་གི་འཚོ་བ་རོལ་མཁན་མང་ནའང་།
ལྗང་མདོག་གི་སྐད་ཆ་བཤད་མཁན་ཉུང་།
ལྗང་མདོག་གི་བསྒྲགས་གཏམ་སྤེལ་ནས་ལྗང་མདོག་ལ་རེ་རྙེགས་བྱེད་མཁན་དག་ཏུའང་།
ལྗང་མདོག་གི་ལས་ཀ་སྒྲུབ་མཁན་ཁ་ཤས་རེད།
ཕ་ཡུལ་གྱི་རི་ཐང་ན་སྐམ་བཞིན་པའི་ལྗང་མདོག་དང་།
ལྗང་གི་མདོག་གི་བྲང་གཞུང་ན་རུལ་བཞིན་པའི་ཕ་ཡུལ།
ལྗང་མདོག་མང་པོའི་བསྒྲགས་གཏམ་ཁྲོད་ན་རུལ་བཞིན་ཡོད།
༢༠༡༡ ༦ ༨
རྩོམ་ཁུངས། ངེད་དྲ་བ།