རང་ཉིད་ཕྱེད་ཀ་དེ།
ང་ནི་ལྐུགས་པ་དེ་མིན
ང་ནི་འོན་པ་དེ་མིན
ང་ནི་ཞ་བོ་དེའང་མིན
ང་ནི་འགྱེལ་བ་ནས་འཐོར་མ་མྱོང་བའི་ཀེང་རུས་དེ
ང་ནི་གསོན་མེད
ང་ནི་ཤི་མེད
ང་ནི་བརྒྱལ་ཡང་མེད
ང་ནི་སྙིང་རྩ་བོར་བ་ནས་འཆི་བདག་མ་རྙེད་པའི་རྣམ་ཤེས་དེ
ང་ནི་ཟླ་བ་དེ་མིན
ང་ནི་རི་བོ་དེ་མིན
ང་ནི་འཕྱོན་མ་དེའང་མིན
ང་ནི་རང་ཉིད་མཐོང་མ་མྱོང་བའི་གྲུབ་གཟུགས་ནག་པོ་དེ
ང་ལ་རྩྭ་ཐང་ཡོད
ང་ལ་ཁྲག་རྒྱུན་ཡོད
ང་ལ་འཚོ་བ་ཡང་ཡོད
ང་ལ་མེད་པ་ནི་ཡིད་འོང་གི་ནམ་མཁའ་སྔོན་པོ་དེ
སྐྱེས་བ་ནས་ལོ་སར་ཡོད་མ་མྱོང་བ་དེ་ང་ཡིན
དུས་ཚོད་ནག་པོ་ཅན་དང རྒྱབ་ལྗོངས་ནག་པོ་ཅན་དེའང་ང་རེད
ང་རེད ང་རེད རང་ཉིད་ཕྱེད་ཀ་དེ
༢༠༡༡ ༢ ༢༠ ཕྱི་དྲོར་སློབ་ཁང་དུ།
རྩོམ་ཁུངས། ངེད་དྲ་བ།