ཁུ་སིམ་སིམ།
ཁུ་སིམ་སིམ་གྱི་མཚན་མོར།
ནག་ཧྲིབ་ཧྲིབ་ཀྱི་སྡོང་ལོའི་འོག་ཏུ།
ངག་སྡབ་སྡིབ་ཀྱི་ཁོས།
ཁུ་སིམ་སིམ་ངང་དྲན་གསོ་ཞིག་བྱས།
ཁུ་སིམ་སིམ།
གྲང་ཅང་ཅང་གི་བསེར་བུ་ཆུང་ངུས།
འཇམ་ཐིང་ཐིང་གི་ཁོའི་སེམས་ཁམས་དཀྲུག་ཅིང༌།
ཕྱིར་དྲན་གྱི་ཆུ་གཏེར་ཀློང་དུ་བསྐྱལ།
འུར་ཟིང་ཟིང༌།
བྲེལ་འཚུབ་འཚུབ།
ཁྲ་ཆིལ་ཆིལ་གྱི་ཁོར་ཡུག་འདིས།
ཁོའི་ཁུ་སིམ་སིམ་གྱི་རང་གཤིས་ལ།
ཚ་བེརབེར་གྱི་སྙུན་གུ་ཞིག་བསྣུན་འདུག་པ་ཚོར་ཞིང༌།
མགོ་ལྕོག་ལྕོག
ཁུ་སིམ་སིམ་ངང༌།
ཁུ་སིམ་སིམ་གྱི་རང་གཤིས་ལ་ལྕགས་ཤིག་དགོས་བསམ༌།
འོ།
ཆུ་འཛར་འཛར་གྱི་མིག་གིས།
དལ་ལྷོད་ལྷོད་ཀྱི་ཟླ་བར་བལྟ་བཞིན།
ལག་འཕུར་འཕུར་ངང༌།
ཁུ་སིམ་སིམ་དུ་ཅི་ཞིག་དྲན་སོང་བ་འདྲ།
ཨོ།
ནག་ཡོར་ཡོར།
སྒྲ་ཚག་ཚོབ།
ཁོ་འགྲོ་སྒོ་བརྩམ་སོང༌།
ཁུ་སིམ་སིམ་གྱི་གྲུ་ཟུར་དུ།
ཚ་སོབ་སོབ་ཀྱི་མཁུར་ཚོས་སྟེང།
གྲང་ཅང་ཅང་གི་རྔུལ་ཆུ་འཛག་བཞིན་པའི་ངས།
མིག་མདུན་ནས་ཁོ་ཡལ་ཟིན་བ་ཤེས་རྗེས།
རྣ་ཀེར་ཀེར་དུ།
ནག་ལོང་ལོང་གི་སྡོང་གསེབ་ལ་རྒྱང་བལྟ་ཞིག་བྱེད་དགོས་བྱུང༌།
ཁུ་སིམ་དྲགས་ན་འཕྱ་སྨོད་སྦྲང་བུས་མཐའ་ནས་སྐོར།
ཁུ་སིམ་དྲགས་ན་བདེན་པའི་འབྲས་བུ་གཞན་ལ་ཤོར།
ཁུ་སིམ་དྲགས་ན་ལྐུགས་པའི་ཞྭ་མོ་རང་ལ་གཡོག།
ཁུ་སིམ་དྲགས་ན་སྨྲ་ལྕེ་འདི་ཡང་རེངས་པོར་གྱུར་ཉེན་འདུག།
ཁུ་སིམ་དྲགས་ན།
དེ་དང་དེ་འདྲ་བའི་ང་གྱུར་མིད་བཏང་སྲིད།
ཨ་ཙི།
ཐོས་བྱུང་ངམ་།
སྡབ་སྡིབ་ཀྱི་སྨྲེ་སྔགས་དེ།
བྲག་ཅ་ཇི་བཞིན།
ཁོ་སོང་ཤུལ་ནས་གྲགས་ཤིང་འདུག།
ངོ་མ།
ཁུ་སིམ་སིམ་གྱི་མཚན་མོ་དེ།
ཁུ་སིམ་སིམ་ངང་འདས་ཚར་ཞིང་།
ནམ་ཡང་ང་ཚོ་དང་གྱེས་ཟིན།
ཡིན་ནའང༌།
ཁོའི་ཁུ་སིམ་སིམ་གྱི་རྡོག་ཁྲེས་དེ།
དེ་ནུབ།
ནག་སྟུག་སྟུག་གི་ལྕང་གསེབ་དེ་རུ།
ཁེར་བུར་བོར་མ་ཕོད་སོང་།
ཁ་སང་།
དལ་ལྷོད་ལྷོད་ཀྱི་གོམས་ཁ།
ཉོབ་ཤིག་ཤིག་གི་གདོང་གཤིས་ལས།
ཁོའི་ཁུ་སིམ་སིམ་གྱི་རང་གཤིས་དེ།
ད་དུང་ཡང་ཁུ་སིམ་སིམ་ངང༌།
ཁྲག་ཙའི་ཁུག་ཀྱོག་གང་སར་རྒྱུགས་བཞིན་པ་མངོན།
འོན་ཏེ་དེ་རིང་།
དེ་དག་ནི་གཏམ་རྒྱུད་ཞིག་ལ་གྱུར་ཚར་འདུག།
གཟིགས་དང་།
གསོན་དང་།
འུར་ཟིང་ཟིང་གི་ཁྲོམ་ལམ་ཕ་གི་ན།
ལག་ཧྲེང་ཧྲེང་བགྲེངས་ཤིང༌།
གདོང་ལྷུག་ལྷུག་ངང༌།
ཁུ་སིམ་སིམ་དེ་ནམ་ཡང་ཁུ་སིམ་མེར་སྡོད་དམ་ཅེས།
རང་གིས་རང་ལ་གཤེ་གཤེ་གཏོང་བཞིན་འདུག
དེ་ནི་ཁོས།
རང་ཉིད་ཁུ་སིམ་སིམ་ངང་ཤི་ཉེ་བ་ཚོར་རྗེས།
གཅམ་བུར་དགའ་བའི་མི་རྣམས་ལ།
སྤྲད་པའི་ཆེས་མཐའ་མཇུག་གི་བརྡ་ལན་ཙམ།
རྩོམ་ཁུངས། ངེད་དྲ་བ།