སྐྱོ་སྣང་ཐན་ཐུན།
༡
དུས་ཚོད་ཀྱི་མེ་ལོང་ཁོ་ན་ལས
རིད་ཀྱིན་པའི་ངོ་གདོང་དེའི་ཕྱེད་ཀ་མཐོང་སོང
འཁྱམས་བཞིན་པའི་ལོ་ཟླའི་བུ་ག་ཞིག་ནས
ལག་ཟུང་འདི་ཁྱེད་ཀྱི་ཕྱོགས་སུ་བསྲིངས་ཅི་ཐུབ་བྱས
༢
སྡོང་མགོར་འཁྱུད་པའི་ལོ་མ་དག་གཉིད་ལས་སད་དུས
ཏག་ཏག་དགུན་ལྗོངས་ཤིག་ཟོལ་གྱིས་བསུ་བར་སྟ་གོན་བྱེད་ཀྱིན་འདུག
ང་ཧ་ཅང་ཁེར་རྐྱང་ཡིན་པས
ཐ་ན་རང་གི་གྲིབ་མ་ཡང་མཐོང་ལམ་དུ་སྣང་ཐུབ་མ་སོང
འདབ་མ་འདྲ་བའི་ལག་པའི་མཛུབ་མོ་རེ་རེས
ཁ་ཕྱོགས་ནོར་བའི་ཆུ་ཕྲན་མང་པོར་རུ་སྣ་འདྲེན་ཞིང
ཆུ་མོའི་བཞུར་རྒྱུན་དང་ལྷན་དུ་སྨུག་ཀློང་དུ་འཐིམས་འགྲོ
མ་གཞི་འདི་ཚོ
དགུང་ལམ་ན་རྩེན་པའི་རྒོད་པོ་ཞིག་གི་ཐུར་ལྟ་ཡིན་སྲིད་མོད
མཐུ་དབང་གིས་བསྡམས་པའི་ཆོ་འཕྲུལ་སྣ་མང་གི་སྤྲུལ་བསྒྱུར་འོག
ཕོ་རོག་གཤོག་མེད་ཅིག་གཤོག་ཟུང་དང་མཐོང་ལམ་ལ་ཆགས་པའི
གཏང་རྒྱུད་ཞིག་ལ་སྒྲོ་གུར་བཏགས་སོང
༣
གྲུ་ག་མེད་པའི་ཐང་སྒོར་སྒོར་ཞིག་ནས
ང་ཚོ་ལྷན་དུ་འཛོམས
སེམས་ལྗོངས་སེམས་ཀྱིས་སྙེག་ཅིང་སེམས་པ་སེམས་ཀྱིས་བརླན་ཚུལ
དཔྱིད་ཀྱི་སྦྲང་ཆར་འཇོ་བའི་དཔེ་འཇོག་ལས་ངས་མ་རྙེད
ཁ་ནས་འབར་བའི་མེ་ལྕེ་དེ་སེམས་སུ་བསྒོམ་སླད
ལོ་མའི་ཁྲག་རྩ་དང་ཡལ་གའི་རུས་སྐོགས་བར་ནས
འུ་ཚོས་མགོ་བོ་སྨུག་པས་གཡོགས་ཀྱང་མིག་ཟུང་འཚུམ་ནས་བསྡད
སྨུག་པ་ལུང་ནས་རི་ལ་ཕྱོགས་སོང་སྙམ་དུས
གོ་ལའི་འཕྲེད་གཞུང་ཐིག་གིས་བྱིན་གྱིས་བརླབས་མ་མྱོང་བའི་མྱ་ངམ་ཐང་ཏུ
འུ་ཚོ་རྨི་ལམ་ཞིག་གི་མངལ་ལ་སྦྲུམ་དུ་བཅུག་འདུག
གནམ་རྒན་མར་ལེ་བདའ་དང
ཚེ་སྲོག་གི་གོམ་འགྲོས་ལ་འཕྱ་བ་ཙམ་ལས
འུ་ཚོས་ཅི་ཡང་བསམ་བློ་གཏང་མ་ཕོད
དེ་རིང འཚོ་གནས་ཀྱི་བཤུལ་ལམ་དུ
རི་བཞིན་སྤུངས་པ་ནི་རྣམ་རྟོག་དང་འཁྲུལ་སྣང་གི་བེམ་གཟུགས་ཕོན་པོ་དག
དེ་བས འུ་ཚོས་སེམས་ཀྱིས་མཆོད་མེ་སྦར་ས་དེ
རུལ་ལ་ཉེ་བའི་སྡོང་རྒན་འདིའི་རྩ་བ་ལས་མི་འདུག
༤
ལོ་ཟླའི་རྒྱང་ལ་སྤྱུགས་པའི་ཁེར་རྐྱང་གི་མྱ་ངམ་ཐང་དུའང
ངས་སྐྱེས་བུ་ཞིག་གི་བཞུད་སྟངས་མིག་གིས་མཐོང་ཞིང་སེམས་ཀྱིས་ཚོར
འོ་དོད་མེད་པའི་དུས་གླགས་མང་པོར་ཡང
ངའི་སེམས་པ་འདི་མིག་ཆུས་ཡོངས་སུ་སྦགས་འགྲོ
རྩོམ་ཁུངས། ངེད་དྲ་བ།