སྟོན་པ་སངས་རྒྱས།
ལྗོན་པའི་འདབ་ལོ་རླུང་བུས་བརྡེགས་ཤིང་།།
རླུང་གི་སྐྱོ་བ་ཁུར་བའི་ཉི་ཟེར།།
བ་སྤུའི་རྩེ་མོར་འཁྱུག་ཙམ་བྱེད་དུས།།
རྒྱལ་སྲས་དོན་འགྲུབ་ལུས་པོ་ཀྲོང་ཀྲོང་།།
སྐུ་ཡི་གྲིབ་གཟུགས་སྡོང་བོར་བསྙེས་ཤིང་།།
མིག་གི་འོད་ཟེར་གངྒཱར་འཕོག་དུས།།
སྒེག་ཉམས་ཟིལ་བ་བསྟོར་བའི་ལྷ་མོ།།
སྡོམ་དྲའི་བར་ན་འཕག་ཙམ་བྱས་འདུག།
ཀུ་ཤའི་རྩེ་མོར་མདུད་པ་བཏབ་ཅིང་།།
ཞབས་ཀྱི་ལོང་བུས་ཐེལ་ཙེ་བརྒྱབས་དུས།།
རྡུལ་དང་རྡུལ་ཕྲན་ཞི་བར་གྱུར་ནས།།
ནམ་མཁའི་སྤྲིན་པར་རྔུལ་ཆུ་བཏོན་བྱུང་།།
སྲིད་པའི་བརྩེ་བ་འོ་ཐིགས་ཙམ་ཞིག།
ལྷུང་གཟེད་སྨུག་པོའི་བཅུད་དུ་ཚ་ཡང་།།
ཞབས་ཀྱི་སྟེགས་བུ་རྦབ་ལ་ཤོར་བས།།
གྲགས་འཛིན་ཡིད་ལ་ཞེད་སྣང་འཁོར་ཡོད།།
སྡོང་ལོ་འཕུར་བའི་དུས་ཚིགས་བར་ནས།།
ཞལ་ལ་ཆགས་པའི་མེ་ཏོག་དཀར་པོ།།
ཞེ་འཛིན་བཅད་པའི་བརྡ་རུ་འཕོག་དུས།།
དབྱིངས་ཀྱི་མེ་ལོང་ལྡེབས་སུ་བཀལ་འདུག།
དབུ་སྐྲ་རྒྱ་ལྕང་ལན་བུ་ཙམ་པོ།།
སྤུ་གྲིའི་དབལ་ཁར་ཐོར་བའི་ནངས་མོར།།
མོ་སྨན་སུ་ཡིས་མགོ་བོ་དུད་བྱུང་།།
སྐར་མ་ག་ཙམ་རླུང་གིས་དེད་སོང་།།
གསེར་གྱི་འཛར་ཆུ་ལྷུང་བའི་ཤུལ་ཏུ།།
རྟེན་འབྲེལ་སྟོང་བའི་སྐུད་པ་འཐེན་ནས།།
ཤེས་རབ་ཟས་ཀྱི་གླེགས་བམ་སྡོམ་སྐབས།།
རས་གཟན་སྐྱ་བོར་དངན་པ་འཁོར་ཡོད།།
གང་ཞིག་སྙེགས་པའི་སྒོ་དྲུང་བར་དུ།།
ཟས་གོས་སློང་བའི་སིལ་སྒྲ་དཀྲོལ་ཚེ།།
བསིལ་གདུགས་བོར་བའི་སྐྱོ་ཉམས་རེ་ལ།།
མི་རྟག་སྟོན་པའི་གཞུང་ལུགས་མཁོ་འམ།།
ཤག་ཆུང་གྲུ་བཞིའི་སྒོ་གླེགས་སུ་མཚམས་སུ།།
ཅ་ཅོ་སྒྲོགས་པའི་བྱི་འུ་འཕུར་སྐབས།།
བརྩེ་བའི་མིག་ལ་བྲིས་པའི་རི་མོ།།
བྱིའུ་ཆུང་ཞིག་གི་ཚང་མལ་ཡིན་འདུག།
གཟེབ་ཀྱི་གསང་མིག་བཀྲོལ་ནས་བལྟས་ན།།
ཁྱེད་ལ་རན་པའི་ཞྭ་མོ་མི་འདུག།
སྣང་བ་འདྲ་ལ་འགག་པ་ལྟ་བུའི།།
དབུ་ཡི་གཙུག་ཏོར་ཆུ་ཟིལ་སྐྱོམས་འདྲ།།
ཀུན་རྫོབ་ཨ་ར་བསྲེགས་པའི་ཤུལ་ཏུ།།
སྒྱུ་མའི་གཟུགས་ལ་སྒྱུ་མའི་ན་ཆུང་།།
ཁྱེད་ཀྱི་པང་ལ་ལོག་སྙམ་བྱས་པས།།
བ་སྤུའི་གསེབ་ན་ཚོར་བ་ཉུག་ཉུག།
རྩོམ་ཁུངས། ལྷམ་ཀོག་གི་པོད་ཁུག