ཚ་རླབས་འཕྱུར་བའི་ཚ་བ་མདའ་སྨྱུག
____ཚ་བ་མདའ་སྨྱུག་གི་༼ལོག་རྟོགས་སྙིང་སྟོབས༽་ཞེས་པའི་དཔེ་ཆ་ཞིག་བཀླགས་རྗེས།
ཚོན་པོ་མང་བོའི་འཚོགས་རའི་ནང་ན་འཚང་ཁ་རྒྱག་བཞིན་ཚུལ་གསུམ་རྩོད་པའི་ཚུལ་ཁྲིམས་ཀྱེ།།
ཚད་མ་སྦྱོང་བའི་ཚོད་ལྟའི་ཚུལ་དུ་ཚ་སྨྱུག་ཚང་ལ་ཚིག་ཟུར་ཙམ་ཡང་མ་འཕང་ན།།
ཚད་མའི་གཞུང་འདི་མཚར་མཚར་འདོད་པ་ཚ་རླབས་བཞིན་དུ་མཁའ་ལ་འཕྱུར་བའི་ན་གཞོན་ཚོ།།
ཚྭ་ཁུ་བྲོ་བཞིན་ཚད་མའི་གཞུང་ལ་འཚིག་པ་ཟ་བཞིན་མཚང་འབྲུ་བྱས་ཏེ་འགྲོ་ཉེན་ཆེ།།
ཞོགས་དུང་རྒད་པོས་དཔྱོད་ཤེས་ཁྱེར་ནས་གཤོག་ཟུང་སྐྱོང་གིན་ཕྱིར་མིག་བཞག་སྟེ་གཤེགས་ཤུལ་ན།།
ཞོགས་པ་རེ་ལ་བྱ་སྐད་ཐོས་པ་ཞག་མ་རེ་རེར་ཕྱོགས་སུ་ཆད་པའི་ཕྱག་རྗེས་སུ།།
སེང་རྡོར་ཞེས་པ་སེང་གེ་ངུར་བཞིན་སངས་རྒྱས་རྣམས་ལ་གསུང་སྐད་འབྱོན་པའི་གསལ་བརྡ་མཐོང་།།
སྒོ་ཡོན་ཟེར་བས་སྒོ་མོ་ཀུན་གྱི་སྒོ་གླེགས་རྡུང་བཞིན་རྒོལ་བ་འཕེན་པའི་སྒལ་ཚིགས་འདུག།
ཚུལ་ཁྲིམས་བློ་གྲོས་ཚུལ་འཆོས་བྲལ་བའི་ཚུགས་ཀ་འདི་ལ་ཚུལ་མཐུན་དགག་རྒྱག་མི་སྤྲོ་འམ།།
རྒྱ་གྲོལ་ཨ་ཁུ་རྒྱ་ལས་ཤོར་བའི་རྒྱ་སྟག་བཞིན་དུ་རྒྱ་སྒོ་འདུ་རུ་མི་ཕེབས་སམ།།
དོར་མ་གྱོན་པའི་དོར་ཞི་སྙེམས་བློ་ཏྭ་ལེན་འདྲ་བའི་དོ་ར་འདི་རུ་མི་དུད་དམ།།
རང་རང་ས་ནས་རང་ཚུགས་བཟུང་ཚེ་རང་སོར་བཞག་པའི་རང་སྣང་འདི་ལ་མི་འཇིགས་སམ།།
དབུ་མའི་ལྟ་བ་དབུ་ལ་བཅུག་ནས་དབུ་འཕང་གཏོད་ཀྱིན་དབུ་སྐྲ་དཀར་པའི་བླ་རྒན་ཀྱེ།།
མངོན་པའི་མཛོད་ན་ངོམས་རྒྱུ་ཡོད་ན་མངོན་ལྐོག་མེད་པར་ངོ་ལྤགས་དམར་བཤུ་རྒྱོབས་ཤིག་ཀྱེ།།
གཏན་ཚིགས་རིག་པར་རྟགས་ཤིག་ཡོད་ན་རྟ་ལ་དཀྱིལ་ས་སྟོན་པ་བཞིན་དུ་སྟོན་ཅིག་ཀྱེ།།
རིག་གནས་བཅུ་བོ་རིག་པར་རློམ་པའི་རིགས་ཞེན་པ་ཚོས་རང་སེམས་གཞུ་མོ་ཁུག་ཅིག་ཀྱེ།།
༢༠༡༠. ༥. ༢༠. ལ་རང་ཤག་ཏུ།
རྩོམ་ཁུངས། ངེད་དྲ་བ།