རྩེ་ཆུ།
ཐོག་མའི་སྐྱག་ལབ།
རྩེ་ཆུ་ལགས། ནམ་ཞིག་ང་རྒས་དུས་ཤིག་ལ་ཁྱོད་ཀྱང་རྒས་ཡོད་ཨང་། ཡིན་ཡང་། ང་ཤི་དུས་ཤིག་ལ་ཁྱོས་མིག་ཆུ་འདོན་མི་སྲིད་པ་
ངས་སྔ་མོ་ནས་ཤེས་ཡོད།
གྱེན་ལོག་གི་རྨ་ཁས་བརྩེ་བའི་ཉི་ཟླ་བསྲེགས་སོང
འདས་ལོག་གི་བདེན་པས་ཡིད་ཀྱི་རྨོ་ཞིང་བཅོམས་སོང
དུས་ཚོད་ལ་ངེས་བ་ཅི་ཡང་མེད་པའི་ཁྲག་གསེང་དུ་ག་ལེར་བལྟ་དུས
ཁྱོད་ནི་སྒྱུ་འཕྲུལ་གྱི་ཕྱི་ཤུན་ཁོ་ན་ཙམ་དུ་འགྱུར་བར་ཡང་ཁག་མི་འདུག་ཨང
ཡུལ་མི་ཚོས་སྒྲ་སྒམ་ཁོ་ན་རུ་མ་གཏོགས་མཐོང་ཐབས་མི་འདུག་པའི་ང་ཡི་ཁྲག་གི་རྩེ་ཆུ
མྱང་ནས་མ་ཚར་བའི་སྡུག་གི་འབྱོར་ཕྱུག་དང་ངལ་དུབ་ཀྱི་བརྩེགས་རིམ་ལས་བཙིར་ན
ཉི་འོད་ལ་སྒྲོག་ཤི་ཐེབས་པའི་གངས་འཁྱག་གི་རྩེད་ར་འདི་ཡང
རྡོ་བའི་རྩིད་པ་དང ཁྲག་གི་དཔལ་འབར་དུ་སྒོམ་དང
ང་ཚོར་དུས་ཚོད་སྐར་ཆ་ཙམ་ལའང་སྡུག་བསྔལ་ཟེར་བ་འདི་མེད་ན་ཅི་འདྲའི་སྐྱིད་ཨང
ནམ་ཞིག་ཡུལ་མི་ཚོས་བཤད་ན
རྩེ་ཆུ་ནི་རང་གི་གློ་མཆིན་ཐག་རིང་ཞིག་ཏུ་བརྫངས་བའི་གྲྭ་བ་ཁེར་འགྲོ་ཞིག་ཡིན་ཟེར
སྐད་ཆའི་ཟུར་ངོས་སུ་ཕབ་པའི་མིའི་རིགས་ཀྱི་བདེ་བ་སྐད་ཅིག་མ་དག
ད་ནི་ཁྱོད་ལ་སུན་པོ་བཟོ་བྱེད་ཀྱི་མུ་ཏིག་གི་སྐྱག་པ་དང་གསེར་གྱི་ཆར་བ་དག་ཡིན
ཆང་གིས་མ་བཟི་བའི་ཡར་སྔོན་ཞིག་ལ
ངའི་མེས་པོས་ཀྱང་ཁྱོད་ལ་དེ་ལྟར་གསུངས་ངེས
ངས་ནམ་རྒྱུན་འདི་ལྟར་འདོད་ཏེ
རྩེ་ཆུ་ནི་འཁྲུག་པའི་རོལ་རྩེད་ཀྱི་མྱ་ངན་སྒྱེ་མོ་གང་རང་གི་ཁ་ནང་ལ་བཞག་ནས
འདི་ནི་གནས་ལུགས་ཀྱི་མདུད་པ་དང་དཔའ་བོའི་ཆོད་སེམས་ཡིན་ཟེར་ཞོར
དབྱིངས་ཀྱི་སྲིད་པ་ནི་དུས་ནམ་ཡང་རང་ཉིད་ལ་དབང་མི་སྲིད་པའི་སྐྱེ་བ་ཞིག་ཏུ་སེམས་འདུག
དེ་བས
རྩེ་ཆུ་ནི་རང་གི་ལྟེ་ཐག་ཏུ་རལ་གྲི་གཟུགས་མེད་ཅིག་བཅིངས་མཁན་གྱི་སྲིད་པའི་ཆུ་ཐིགས་ཤིག་ཡིན
རྩེ་ཆུ་ནི་གཞན་གྱི་ལག་མཐིལ་དུ་རང་གི་ཟེགས་མ་ལྡུག་མཁན་གྱི་འབྲོག་རྒན་གླེན་པ་ཞིག་ཡིན
ང་ཚོས་རྣ་བ་ཀྲོག་ཀྲོག་གིས་ཅི་ཞིག་ལ་ཉན་འདོད་ཀྱིས
ཀློག་པར་སྤྲོ་བའི་དཔེ་དེབ་ཅིག་ལ་བལྟ་ཞོར་མི་ཚེ་ནི་མ་གཞི་ནས་ལྕགས་ཀྱི་སོག་ལེ་ཞིག་རེད་ཟེར་ན
ཁྱོད་དང་ང་ཡང
སྲིན་བུ་མེ་ལྕེབས་དེ་རེད ཨར་འདམ་གྱི་རྩེད་ཆས་ཙམ་རེད
ཕྱི་དྲོ་ཞིག་ལ
ང་ཚོ་རང་གི་ངོ་གདོང་དང་རྐང་ལག མིག་འབྲས་དང་མཆུ་ཏོ
མདོར་ན་རང་གི་ཕྱི་ནང་གསང་གསུམ
གློ་སྙིང་མཆིན་གསུམ་ལ་དད་མྱོང
དེའང་གནས་ལུགས་མེད་པའི་ནང་སེམས་ཀྱི་དཔལ་ཡོན་མཐའ་དག་ཅིག་ག་ལ་ཡིན་ཨང
རོལ་དབྱངས་ཀྱི་ཁུ་བ་བཞུར་སའི་ཁང་མིག་ཅིག་ཧ་ཅང་སེམས་ཆུང་གིས་བསྲུང་བ་ལྟར་འགྲེང་དུས
ང་ནི་ཁྱོད་ཀྱི་སྐྱེ་བ་ཕྱི་མ་དེ་མ་ཡིན་ལ ཁྱོད་ཀྱང་ང་ཡི་སྐྱེ་བ་སྔོན་མ་དེའང་མ་ཡིན་པས
ངས་རང་ཉིད་ཀྱི་ལྷ་དང་ལྷ་མོ་འཚོལ་དགོས
འདྲེ་དང་འདྲེ་མོའང་བཙལ་དགོས་ཀྱེ
ཨ་རོགས་རྩེ་ཆུ
དོ་ནུབ་ནི་ལྷ་སའི་བར་སྐོར་དུ་ཁུ་སིམ་མེར་བཞག་པའི་སེམས་ཀྱི་ཧམ་པ་མཐའ་མེད་ཅིག་ཡིན
དོ་ནུབ་ནི་རང་གི་རུས་པ་ས་ལ་གཏོར་ཤུལ་གྱི་འགྱོད་གདུང་རྩྭ་ཁུག་གང་ཡིན
དོ་ནུབ་ནི་རང་ཅག་གི་ཕ་ས་མེ་ལ་འབར་ཤུལ་གྱི་བྱང་ཐང་སྐྱ་བོ་དེ་ཡིན
དོ་ནུབ་ནི་འབྲོང་རྒོད་ཀྱི་རྭ་ཅོ་རླུང་གི་འཁུར་ཤུལ་གྱི་མྱ་ངན་སྤར་མོ་གང་ཡིན
དེ་བས ང་དོ་ནུབ་ཀྱི་དོ་ནུབ་འདི་ཡིན
དོ་ནུབ་ང་ལ་དོ་ནུབ་ལས་དོ་ནུབ་གཞན་ཅི་ཡང་མེད་ཨང
ཁྲག་གི་འཇིང་བ་ལས་དམར་གྱི་ལེར་འཐོར་བའི
མེ་ཡི་འཚིག་རོ ཤིང་གི་རལ་ལྷག
རླུང་གི་གཤོག་པ ས་ཡི་རྨ་ཤུལ་དག
ཁྱོད་རང་སྐོམ་པ་ལངས་དུས་ཀྱི་ནམ་མཁའ་འདི་དྲན་བྱེད་ཡིན
ཁྱོད་རང་སྐྱོ་བ་སྐྱེ་དུས་ཀྱི་ས་གཞི་འདི་གླེང་བྱེད་ཡིན
སྤྲིན་པ་ཁ་ཤས་ཆད་ནས་ང་ཡི་ཕ་ཡུལ་ལ་ཐོན་བྱུང
ཆུ་བོ་དག་ཀྱང་ངལ་དུབ་ཀྱིས་ང་ཡི་ཕ་ཡུལ་ལ་བཞུར་ཡོང
ཡིན་ཡང རྩེ་ཆུ་ཟེར་བའི་ཁྲག་གསེང་གི་ཐ་སྙད་འདི་གླེང་ན
ང་ལ་ཁྱོད་ལས་ལྷག་པའི་བརྩེ་བའི་ཤུགས་རིང་དང
དགའ་སྤྲོའི་གཞས་སྐད་ཅི་ཡང་ཡོད་ལགས
རྩེ་ཆུ རྩེ་ཆུ ད་དུང་རྩེ་ཆུ་ཨང
ཁྱོད་ཀྱིས་རུས་རྐང་གི་རྩ་དོན་རླུང་ལ་མ་བྱིན་པའི་ཡར་སྔོན་དུ
ཁྱོད་ཀྱིས་ང་རྒྱལ་གྱི་མགོ་བོ་གྱེན་དུ་མ་ལོག་པའི་དུས་ཚོད་ནང
སྲིན་པོ་ཟེར་བའི་ཡིག་འབྲུ་ཞིག་སེམས་སུ་བརྐོས་རྗེས
ཐད་ཀར་ང་ལ་འདི་ནི་རང་གི་དད་པ་གནམ་ལ་བཏེགས་ཤུལ་གྱི
རང་གཤིས་འདོམ་པ་གང་ཡིན་ཟེར་རོགས
ནམ་ཞིག་གང་ནས་གང་ལའངའགྲོ་དགོས་མི་ཤེས་པའི་ང་ཡི་རྩེ་ཆུ
ངས་ཤེད་ཀྱིས་འཐུང་ནས་སྟོབས་ཀྱིས་མིད་ནའང་སྐོམ་པ་མི་སེལ་བའི་རྩེ་ཆུ་ཨང
2011-5-22ཉིན་རྩེ་ཁོག་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།