སྟོན་ཁ། སྟོན་ཁ། སྟོན་ཁ།
སྟོན་ཁ་ནི་འབྲས་ལྡན་གྱི་དུས་དེ་ཡིན
སྟོན་ཁ་ནི་རེ་སྨོན་གྱི་དུས་དེ་ཡིན
སྟོན་ཁ་ནི་རང་ཉིད་ཀྱིས་བཞེངས་བསྐྲུན་བྱ་ཆོག་པའི་འཇིག་རྟེན་དེ་ཡིན
སྟོན་ཁ་ནི་ཞིང་བ་ཚོའི་གདོང་གི་རྔུལ་ཆུ་དང་འདྲ་བར
ངའི་གློ་རྒྱུ་མའི་མཚམས་ལ་སིམ་གིན་འདུག
སྟོན་ཁ་ནི་རེ་སྨོན་གྱིས་ཕྱུག་པའི་ཕ་མ་ཟུང་དང་འདྲ་བར
རེ་བ་དང་སྨོན་པས་ང་ལ་བསུ་མ་གནང་གིན་འདུག
སྟོན་ཁ་ནི་རེ་སྨོན་ཞིག་སྦྲུམ་པའི་སྦྲུམ་མ་ཞིག་དང་འདྲ་བར
ཞིང་བ་ཚོས་དཔྱིད་ཀར་བྲིས་ཟིན་པའི་དབུ་འཁྱུད་ལ
ལོ་ལེགས་ཀྱི་ཁྱེའུ་ཡག་པོ་ཞིག་བཙས་ཀྱིན་འདུག
ང་རང་ནི་ཞིང་བའི་བུ་ཕྲུག་ཅིག་ཡིན
ནམ་ཡང སེར་ལམ་ལམ་གྱི་སྟོན་ཁ་ཞིག་དང
ལྗིད་ཏིག་ཏིག་གི་སྟོན་ཁ་ཞིག
ངའི་རྨི་ལམ་དུའང་རྨི་བཞིན་ཡོད
རྔུལ་ཆུ་དང་འཛུམ་མདངས་ཀྱིས་བསུ་བའི་ཕ་མ་ཚོའི་སྟོན་ཁས་ང་སྒུལ་བྱུང
རང་བྱུང་ཁམས་དང་ས་གཞི་ལ་རེ་སྨོན་འབྲི་ཕོད་པའི་སྟོན་ཁ་ཞིག་གིས་ང་ཡང་ཡང་བོས་བྱུང
རེ་སྨོན་ཡོད་ཚད་རྔུལ་ཆུས་བཀྲུས་ཏེ་ས་བོན་བཞིན་གཏོར་ཕོད་པའི་སྟོན་ཁ་ཞིག་གིས་ང་ལ་སྨོན་པ་འདེབས་ཀྱིན་འདུག
རྔུལ་ཆུ་དང་འཛུམ་མདངས རེ་སྨོན་གྱིས་བརྒྱུས་པའི་སྟོན་ཁ་ཞིག
དཔེ་ཆ་དང་འབྲི་དེབ ལྕགས་སྨྱུག་གིས་བཞེངས་པའི་སྟོན་ཁ་ཞིག
སེམས་དང་སེམས་ཀྱིས་བཞེངས་བསྐྲུན་བྱས་པའི་སྟོན་ཁ་ཞིག
སྟོན་ཁ ཞིང་བ་ཚོའི་ཟོར་བ་དང་ལྕགས་ཁེམ་གྱི་སྟོན་ཁ་ཡིན
སྟོན་ཁ ཕ་མ་ཚོའི་རྔུལ་ཆུ་དང་སེར་གའི་སྟོན་ཁ་དེ་ཡིན
སྟོན་ཁ ཁྱེད་ཚོས་ང་ལ་བཟུང་བའི་རིན་མེད་ཀྱི་རེ་བའི་སྟོན་ཁ་དེ་ཡང་ཡིན
སྟོན་ཁ སྟོན་ཁ སྟོན་ཁ
རྔུལ་ཆུ་དང་འཛུམ་མདངས རེ་སྨོན་གྱིས་བརྒྱུས་པའི་སྟོན་ཁ་དེ
ངའི་ཟུངས་ཁྲག་བཞིན ང་ལ་དབུགས་ཀྱི་རྒྱུ་བ་དང་སྟོབས་ཤུགས་ཤིག་སྩོལ་གྱིན་ཡོད་ཨང
དཔེ་ཆ་དང་འབྲི་དེབ ལྕགས་སྨྱུག་གིས་བཞེངས་པའི་སྟོན་ཁ་དེར
ངའང་འདོད་སྲེད་དང་ཞེན་ཆགས་ཀྱིས་འཐམས་ཀྱིན་ཡོད་ཨང
སེམས་དང་སེམས་ཀྱིས་བསྐྲུན་པའི་སྟོན་ཁ་དེར
སྨོན་ལམ་རུམ་གང་བཏབ་ཆོག་པའི་སྨོན་འདུན་བཞིན་ངས་འདེབས་ཀྱིན་ཡོད་ཨང
སྟོན་ཁ སྟོན་ཁ སྟོན་ཁ
སེར་ལམ་ལམ་གྱི་སྟོན་ཁ་ཞིག་གིས་ང་སྒུལ་གྱིན་འདུག
ལྗིད་ཏིག་ཏིག་གི་སྟོན་ཁ་ཞིག་གིས་ང་འབོད་ཀྱིན་འདུག
མངོན་ཆོག་ཆོག་གི་སྟོན་ཁ་ཞིག་ལ་ངས་སྙེག་གིན་ཡོད
ང་རང་ནི་ཞིང་བའི་བུ་ཕྲུག་ཅིག་ཡིན
སྟོན་ཁ་ནི་མཛེས་སྡུག་གི་བུ་མོ་དེ་དང་འདྲ་བར
ནམ་ཡང ངའི་ཡ་ཆུང་ལ་སིམ་གྱིན་ཡོད
ནམ་ཡང ངའི་རྨི་ལམ་དུའང་རྨི་བཞིན་ཡོད
སྟོན་ཁ སྟོན་ཁ སྟོན་ཁ ……
༢༠༡༡ ༧ ༩
རྩོམ་ཁུངས། ངེད་དྲ་བ།