སྙན་ངག་ཁག་གསུམ།
ཁུ་སིམ་པའི་སྐབས་སུ།
སྔས་མགོར་བབས་པའི་མུན་པའི་ཚོགས་ཀྱིས།
འཇིག་རྟེན་གྱི་ངོ་མཚར་མཐའ་དག་ལ།
རབ་རིབ་ཀྱི་ཁ་དོག་གཞན་ཞིག་བསྒོས་ཏེ།
ཐ་ན་ལག་མཐིལ་གྱི་རི་མོ་དག་ཀྱང་མོག་མོག་པོར་གཏོང་དུས།
དེ་མ་ཐག་རྒྱུན་ཆད་པའི།
མར་མེ་དེའི་གཟིམ་ཁ་མའི་འོད་སྣང་དྲན་ཡོང་།
མུན་པ་དེ་ཕྱི་ནང་མི་མཐོང་བའི་ཡོལ་བ་ཆེན་པོ་ཞིག་དང་འདྲ་བར།
བདག་གཞན་གྱི་བར་མཚམས་ཡོངས་སུ་བཅད་པ་ན།
སྙིང་རྗེ་རྗེའི་ཞལ་རས་དེ་ཚོ་དང་།
ངག་འདར་འདར་གྱི་འབོད་པ་དེ་ཚོར་སེམས་པ་གཏོད་ཐབས་མི་འདུག
ད་དུང་ངོ་གདོང་དེ་དག་ལ་ཕྱོགས་པའི་རྣམ་འགྱུར་ཕྲ་མོ་དག་དང་།
རྣམ་འགྱུར་དེའི་རྒྱབ་རོལ་གྱི་སེམས་པ་འཁྱགས་པ་འཁྱགས་པ་དག་ཀྱང་།
མཐོང་ཐབས་མི་འདུག
ཚོར་འདུ་རགས་པའི་ཚོགས་སྐད་ཅིག་གིས་འགག་སྟེ།
མུན་པ་ནས་མུན་པའི་ཀློང་ལ་བྱིང་དུས།
བསམ་བློ་གཏོང་ས་ཉག་ཅིག་ནི་སང་ཉིན་ཏེ།
གཉིད་ལས་སད་དུས་ཀྱི་གསོན་པའམ།
ཡང་ན་ནི།
གཏན་དུ་སད་རྒྱུ་མེད་པའི་འཆི་བའོ།།
2011.6.28
བགྲེས་སོང་ཞིག་གི་འཁྲུངས་སྐར་ལ།
བདག་གིས་བྱུ་རུའི་ཕྲེང་བ་འདི་བཟུང་ནས་ཡུན་རིང་འགོར་ནའང་།
བརྒྱ་དཔོན་མེད་པའི་ཕྲེང་རྡོག་དག་གིས།
མ་ཎི་བརྒྱ་སྐོར་ཞིག་གི་གྲངས་ཀའང་འཛིན་ཐབས་མི་འདུག
ཚོན་རྩི་དམར་བོ་བསྒོས་པའི་རྡོ་བ་དག་གམ།
ཆག་རོར་གྱུར་བའི་འགྱིག་རྫས་ཀྱིས་གྲུབ་པའི་བརྒྱ་དཔོན་དག་ནི།
བདག་ལ་རིན་མེད་དུ་ཕུལ་ནའང་ཞེན་པ་ལོག་ཡོང་།
བརྒྱ་དཔོན་ཞིག་སྤྲད་ཆོག་ཆོག་གི་ཕྲེང་བ་འདི།
ཐ་སྙད་ཁ་ཤས་ཀྱི་བཟླས་བརྗོད་ཙམ་པོའི་ཕྱིར་དུ།
སེན་མོ་དང་མཉམ་དུ་ཟད་སོང་།
ཐ་ན་རྒྱུན་བུའི་ཕྲེང་ཐག་དེ་ཡང་ཟད་སོང་།
སྤར་མོ་འདི་སྡོམ་བྱེད་ལ་ཕྲེང་བ་འདི་ལས་མི་འདུག་ན།
ད་ནི་ཅིས་ཀྱང་ཕྲེང་ཐག་གསར་བ་ཞིག་བརྗེ་དགོས།
དེ་དུས་ཀྱང་བརྒྱ་དཔོན་ཁྱོད་ལག་ཏུ་མ་རེག་ན།
བདག་གིས་ཕྲེང་བ་འདི་གཡུག་རྒྱུ་ཡིན་ནོ།།
དེ་དང་མཉམ་དུ་སེམས་ཅན་ཞེས་པ་དེ་ཡང་འདོར་རྒྱུ་ཡིན་ནོ།།
གལ་ལ་ཐུག་ན་རང་ཉིད་ཀྱང་དེ་བཞིན་ནོ།།
ཧོར་ཟླ་དྲུག་པའི་ཚེས་དྲུག་ཉིན།
ལྷ་ཁང་།
རྔམ་རྔམ་རྫིག་རྫིག་གི་ཁྲོ་གཉེར་དག་ནི།
ལྕགས་ཀྱི་ཐོ་བས་བརྡུངས་ཤུལ་ཡིན་པའི་དབང་དུ་བཏང་ན།
ཐལ་མོ་སྙིང་ཁར་སྦྱར་ནས་གསོལ་བ་འདེབས་པའང་།
ནོར་འཁྲུལ་ངོས་ལེན་གྱི་ཞུ་བ་ཙམ་མོ།།
གསེར་འོད་ལམ་ལམ་གྱི་ཞལ་རས་སྒོར་སྒོར་དག་དང་།
ཞལ་རས་དེ་དག་གི་མིག་ཀོང་ལ་མངོན་པའི་སྟ་རེ་དང་ཐོ་བ།
འཇོར་དང་ཞགས་པ།སྤུས་ཀ་ཞན་པའི་ཨ་རག་གི་དམ་བེ་དག་གིས།
མི་སེམས་ཀྱི་གཏིང་རུམ་ནས་ཅི་ཞིག་སློག་པར་མི་བྱེད་དམ།
ཐ་ན་རྩིག་པའི་ངོས་ཀྱི་མེ་ལྕེ་དང་།
རྡོ་གཅལ་ལ་འབྱར་བའི་ཤེས་རབ་དག་ཀྱང་།
གཡེར་དྲིལ་གྱི་དྲིལ་ལྕེ་ཇི་བཞིན་གང་ཞིག་ནས་བོར་སོང་དུས།
འཇིག་རྟེན་གྱི་ལམ་འགྲོ་བ་མང་བོ་ཞིག
ལག་སྟོང་ངང་འདིར་འཛོམས་ཏེ་སེམས་གསོ་མྱོང་བར་དགའ་ནའང་།
རང་ཉིད་ཤེས་རབ་ཅན་དུ་རློམ་པ་དག་གིས་ནི།
རྩིག་པ་ཞིག་བརྒལ་ནས་འགྲོ་བའི་ང་རྒྱལ་གྱིས།
རང་ཉིད་རྩིག་པ་དང་མཉམ་དུ་ཐལ་བར་གཏོང་ཞིང་།
རྩིག་པར་བརྟེན་པའི་འཛུམ་ཞལ་དག་ཀྱང་།
མཆི་མ་འཛར་འཛར་གྱི་ཀེང་རུས་འབའ་ཞིག་ཏུ་གཏོང་ངོ་།།
2011/7/1
རྩོམ་ཁུངས། ངེད་དྲ་བ།