ངའི་བསམ་པར་གས་ཆག་ཤོར་འདུག
_______བུ་མོ་ཞིག་གིས་ཉིད་དྲན་པའི་གདུང་བ་ཟིན་ཐོ་རུ་ཕབ་པ་བུ་མོ་གཞན་ཞིག་དང་ལྷན་དུ་རྨ་ཆུའི་ཆུ་དཀྱིལ་དུ་འཕངས་ནས་འགྱོད་གདུང་དྲག་པོ་སྐྱེས་རྗེས་སུ།
བསམ་གཞིག་གི་མགོ་བོ་ལག་པས་སྐྱོར་ནས
འདས་དོན་གྱི་མེ་ལོང་གཙང་བོར་ཕྱིས་དུས
ད་གཟོད་རང་ཉིད་ཀྱི་བསམ་པར་གས་ཆགས་ཤོར་འདུག་པ་ཚོར་བྱུང
གློ་མཆིན་གཉིས་ལ་སྦྱར་བའི་སེམས་གཏམ་དེ་དག
རུས་རྐང་གཉིས་ལ་འཐིམ་པའི་སེམས་གཏམ་དེ་དག
མིག་ཆུ་དང་སེམས་ཚེགས་གང་གིས་ཀྱང་བྲིས་ཡོད་པའི་སེམས་གཏམ་དེ་དག
འགྱོད་གདུང་དང་ཕངས་སེམས་ཅི་ཡང་མེད་པར
སྐད་ཅིག་ཉིད་ལ་ཆུ་གཞུང་དུ་བསྲེས་དུས
ད་གཟོད་ཡོད་ཚད་འགོར་འདུག་པ་ཚོར་ལ་རང་ཉིད་ཀྱང་རྒས་ཀྱིན་པ་ཚོར
རྒས་དྲག་པས་ཡིན་ནམ་མི་ཤེས་ཀྱང
བསམ་པ་ལ་གས་ཆགས་ཤོར་འདུག་པ་གཞི་ནས་ཚོར
འགྱོད་གདུང་གིས་དམ་པོར་བཅིངས་འོས་པའི་སྐད་ཅིག་མ་དེར
ང་ལ་མིག་ཆུ་མི་འདུག སེམས་ཚེགས་མི་འདུག
ཐ་ན་ནོངས་འགྱོད་ཙམ་ཡང
ཆེས་མཇུག་གི་སྐད་ཆ་གང་གིས་ཀྱང་བརྗོད་མི་ཚར
རི་རབ་དང་རྒྱ་མཚོ་ལྟ་བུའི་སྡུག་བསྔལ་མང་དྲགས་པས
ང་ཡིས་རང་གི་བསམ་པར་གནའ་ནས་གས་ཆགས་ཤོར་འདུག་པ་ཚོར་ཡོད
༢༠༡༡.༥.༩
རྩོམ་ཁུངས། ངེད་དྲ་བ།