སེམས་གཏམ་འདི་བརྡ་རྟགས་ཤིག་ཡིན་ན།
___དགེ་རྒན་བློ་བཟང་རྒྱ་མཚོ་མཆོག་ལ་མྱ་ངན་གྱི་ཚབ་ཏུ་བྲིས།
བདེན་པའི་གཟུངས་ལས་ཅི་ཡང་མེད་པའི་ངས
དོ་ནུབ ཁྱེད་རང་དྲན་བྱུང
འོད་ཟེར་ལས་མུན་པར་དགའ་བའི་རི་ལུང་དུ
དུས་རྟག་ཏུ ཁྱེད་རང་གཅིག་པུས
སྟོང་ཉིད་ཟབ་མོའི་གདངས་དབྱངས་ངག་ནས་དཀྲོལ་བ་དྲན་བྱུང
དེ་རིང དད་ལྡན་འགྲོ་མིའི་མིག་ལམ་ནས
བདེན་པའི་ངོ་བོ་རྫུན་གྱིས་སྦགས་པའི་དམག་མི་དག་གི
ཚུལ་མིན་གྱི་བྱ་སྤྱོད་དག་མཐོང་དུས
ངས་ཁྱེད་ཀྱི་ནག་ནོག་དྲི་བྲལ་གྱི་ལྟ་སྒོ་སྤྱོད་གསུམ་དེ་དྲན་གི
ངས་ཁྱེད་ཀྱི་ལྷད་མེད་དྭངས་གཙང་གི་གཞན་ཕན་དེ་དྲན་གི
དྲན་བྱུང་བའི་དེ་རིང
ངའི་འདས་ཟིན་པའི་ཀྱག་ཀྱོག་གི་ལམ་ཁར་ཕྱིར་དྲན་རེ་བྱས་ན
ཁྱེད་ནི་ངའི་དྲན་དགོས་ལ་དྲན་འོས་པའི་མི་བུ་དག་གི་ཁྲོད་ན
འོད་དུ་འཚེར་བའི་གསེར་གྱི་ཕྲེང་རྡོག་གཅིག་རེད་ཨང
གང་ལྟར དེ་རིང་ཁྱེད་ང་ཚོ་དང་གཏན་དུ་གྱེས་ཟིན་པས
ངས་སྐྱོ་གདུང་གི་མཆི་མ་སྙིང་དུ་སྦས་ནས
ཁྱེད་ཀྱི་གསེར་ལས་ལྷག་པའི་སྐད་ཆ་དེ་དག
ནམ་ཡང སེམས་སུ་སྦྲུམ་སྟེ
བདེན་པའི་ལམ་ནས་རྒྱལ་བར་ཧུར་གྱིས་བརྩོན
༢༠༡༡ ༧ ༦ཉིན་དྲ་ཁང་ནས་སྤེལ།
༢༠༡༡ལོའི་ཧོར་ཟླ་བཞི་བའི་ཚེས་གསུམ་ཉིན་དགེན་བློ་བཟང་རྒྱ་མཚོ་མཆོག་གི་དགོངས་པ་ཆོས་དབྱིངས་སུ་ཐིམས་པའི་ཚུལ་བསྟན་པ་ཁ་པར་ལས་ཐོས་འཕྲལ། གང་གི་གསུང་གི་འོ་མཚོར་ཕྲན་ཙམ་རོལ་བའི་གུས་སློབ་མེ་འབར་དུ་འབོད་པས་གདུང་ཤུགས་དྲག་པོས་ཕ་ཡུལ་དུ་ཡིག་ངོར་ཕབ།
རྩོམ་ཁུངས། ངེད་དྲ་བ།