པོ་ཏ་ལ།
མཐོ་བའི་ཨ་སྔོན་གྱི་འོག་ན།
དམའ་བའི་དོག་མོ་ཡི་སྟེང་ན།
ཁྱེད་ནི་མི་མཐོ་མི་དམའ་སྟེ།
མཐོ་སྒང་གི་རྒྱབ་རིར་འགྱིང་ཡོད།
སྔོན་ཆད་ཁྱེད་ནི་དམར་པོ་ཉག་གཅིག་ཟེར།
ཕལ་ཆེར་སྲིན་པོ་གདོང་དམར་དམག་གི་བསྡུས་གཟིགས་ཡིན་ངེས་རེད།
རྗེས་སུ་ཁྱེད་ལ་དཀར་པོ་བབས་ཡོད་ཟེར།
བྱམས་སྙིང་རྗེས་བསླངས་པའི་དཀྱིལ་འཁོར་ཡིན་ངེས་རེད།
དམར་པོ་ཡི་རྣམ་ཐར་དཀར་པོས་བསྐྱངས།
འདྲེས་མི་ཐུབ་པ་དཀར་དམར་ལས་ཡིན་ཏེ།
མཆོད་མེས་ཁང་མིག་སྟོང་ཕྲག་འོད་དུ་སྦར་ཡོད་ཟེར།
སྦར་མ་ཐུབ་དམར་པོ་ནག་འཐོམས་གྱུར།
དེང་སང་།ཁྱེད་ནི་དཀར་མིན་དམར་མིན་ཏེ།
སྐྱིད་ཆུའི་ངོར་ན་ལྷེམ་ལྷེམ་འགུལ།
སྐྱིད་ཆུ་ནི་ཁྱེད་ཀྱི་རྣམ་ཤེས་གསལ་བའི་མེ་ལོང་མིན་ན།
སུ་ཞིག་གིས་ལོ་ཟླ་ལ་བཞུར་བའི་མིག་ཆུ་རིང་མོ་ཡིན།
འགས་བཤད་ན་ཁྱེད་ནི་ལོ་རྒྱུས་ཀྱི་དན་རྟགས་ཡིན་ཟེར།
འགས་བཤད་ན་ཁྱེད་ནི་ཕ་ཁྱིམ་དྲོན་མོ་ཡིན་ཟེར།
ངས་བལྟས་ན་ཁྱེད་ནི་དགུང་བྱ་བརྒྱ་འཕུར་སའི་བྲག་ཐེམ་སྟེ།
བོད་གངས་ཅན་འགྱོག་པའི་ཕྲག་པ་ཡིན་འདུག་ཨང་།
རྩོམ་ཁུངས། ངེད་དྲ་བ།