སྐྱོ་བའི་ལས་ཀྱིས་མིག་ཟུང་མཆི་མས་ཁེངས།
____ཨི་རག་གི་གློག་བརྙན་ཞིག་ལ་བལྟས་རྗེས།
སྔོ་ལྗང་གོས་ཀྱི་མདོག་བཟང་མེད་ས་ཞིག་སྟེ།།
རྡོ་དང་ཐལ་རྡུལ་མང་པའི་གཅེར་གཟུགས་ཅན་དུ།།
ཚེ་སྲོག་མཛེས་པའི་མེ་ཏོག་འཛུམ་གྱིས་བཞད་པའི།།
མ་སྐྱེས་ཨ་མ་བརྩེ་བའི་རྒྱན་དུ་འཁྲུངས་འདུག།།
ལྷག་པའི་ལྷ་རུ་བཀུར་བའི་ཆོས་དཔོན་རྒྱ་འུ།།
འདོད་པའི་མེ་ཆེན་འབར་བའི་བཟོད་མེད་ལས་ཀྱིས།།
ཉེས་མེད་བྱིས་པ་བཞི་ཡི་སྐྱེད་མ་བཟང་པོར།།
ནག་ཉེས་བརྒྱ་ཡི་ཞྭ་མོ་བཙན་གྱིས་གཡོགས་སོང་།།
གཞན་ལ་འགྲོགས་པའི་བསམ་བློས་རང་རྒྱུད་བརླན་ཀྱང་།།
ཁྱེད་ཅེས་མཛུབ་མོ་མནའ་མར་གཏོད་ལ་མཁས་པའི།།
ཁྱོ་བོས་སུས་ཀྱང་མི་འདོད་ལེ་ལན་བཟོས་དུས།།
འཛམ་གླིང་སྐྱེས་པའི་ཕྱོགས་ལ་ཡིད་ཐང་ཆད་སོང་།།
གཤེད་མ་བརྒྱ་ཡིས་མཐའ་ནས་ཡོངས་སུ་བསྐོར་ཅིང་།།
གཤེད་ཕྲུག་སྟོང་གིས་རྡོ་དང་དབྱུག་པ་འཁྱེར་ཏེ།།
འདྲེ་གདོན་སྐད་ཀྱིས་རྣ་བུག་འགེངས་པར་བྱེད་དུས།།
ཞིམ་མེད་དཔའ་མོ་ཟུང་དེ་འགྱིང་བཞིན་བསླེབས་བྱུང་།།
ལག་ཟུང་ཐག་པས་བསྡམས་ཏེ་དོང་ལ་བཅུགས་ནས།།
ཟུངས་ཁྲག་དྲོད་མོ་ལྷ་ལ་མཆོད་འབུལ་བྱས་ཀྱང་།།
རྣམ་ཤེས་བྲལ་ཉེའི་མ་ཁྱོས་མིག་སྐྱིབས་བར་ནས།།
བརྩེ་ཞགས་བུ་མོར་བསྲིངས་པ་གཟི་བརྗིད་ཆེ་ཨང་།།
འཛམ་གླིང་ས་ཆེན་འདེགས་པའི་ཀ་ཆེན་གཅིག་སྟེ།།
རླབས་ཆེན་སྐྱེས་མའི་ལུས་ལ་རིན་ཐང་མེད་ན།།
འཛིན་མ་ཁྲག་ལ་བསྒྱུར་བའི་གཏུམ་པོའི་རིགས་ལ།།
འདི་ལྷག་རིན་ཐང་ཡིད་པ་གང་གིས་ཤེས་སམ།།
མ་ཁྱེད་ཤི་ཉེར་འདུག་ཀྱང་མིག་ཆུ་མེད་ཅེས།།
ནང་གི་དཔའ་གདེང་རང་གི་གྲོགས་མོར་བསྟན་དུས།།
ཁྱེད་ལས་སྐྱེས་པ་མིན་ཡང་མ་ཁོག་བརྒྱུད་པའི།།
ང་ཡིས་ཁྱེད་ལས་མཐོང་དུས་མིག་ཆུ་ཉིལ་བྱུང།།
ཁྲ་ཆུང་མིག་ཟུང་་བསྐྱོད་པའི་གོམ་འགྲོས་དལ་ཡང་།།
ཕྱི་མིག་སྐྱ་བོ་སྲས་མོ་གཉིས་ལ་ཕྱོགས་དུས།།
རྡོ་དབྱུག་གཞུས་པའི་ལུས་ཀྱི་ན་ཟུག་སྒང་ལ།།
ཕྲུ་གུ་དྲན་པའི་སེམས་ངལ་དེ་ལས་ཆེ་ཨང་།།
བཀུར་འོས་ལྷ་ཞེས་འགྲོ་བ་སེམས་ཅན་ཀུན་ཀྱིས།།
སྙིང་གི་རེ་བ་བཅོལ་སའི་གཟུགས་མེད་གང་དེ།།
རྫུན་མར་རྫུན་དུ་བལྟ་བའི་མིག་ཟུང་བྲལ་བའི།།
ནུས་མེད་འཇོན་མེད་ཅིག་ཏུ་ཤེས་པར་བཅུག་སོང་།།
ཁྱོད་ཉིད་ཁྲག་ལ་བསྒྱུར་བའི་འཁོར་ཚོགས་ཆེན་མོ།།
མི་ལྤགས་གདོང་ལ་གྱོན་པའི་སྤྱང་ཚོགས་རེད་འདུག།།
ས་སྟེང་འཛིན་མ་ཞི་བདེའི་ས་ཞིག་བསྐྲུན་ན།།
འཛམ་གླིང་སྐྱེས་མའི་ལྷག་ཅིག་མེད་པ་ཤེས་ཐལ།།
འདབ་ཆགས་བྱ་ཞིག་ཡིན་ན་དགའ་བས་འཕུར་ཆོག།།
ལྗང་ལོའི་རྩྭ་ཞིག་ཡིན་ཀྱང་ངང་གིས་སྐྱེ་ཆོག།།
བཙན་པོའི་གཟེབ་ཏུ་ཚུད་པའི་ཁྱེད་ཀྱི་ཚེ་སྲོག།།
འགྲོ་སྡོད་རང་དབང་མེད་པས་ཡིད་ཐང་ཆད་སོང་།།
རྩོམ་ཁུངས། ངེད་དྲ་བ།