སྲོག་གི་སྤེན་མ་འབར་བའི་མེ་ལྕེ།
ལག་གི་སྣག་ཚ་ཡིས་བྲིས་པའི་རི་མོ རི་མོ་མིང་མེད
སེམས་ཀྱི་སྡེར་མོ་ཡིས་འཆིང་བའི་ཤ་ཁྲག ཤ་ཁྲག་རོ་མེད
གང་ནས་གང་ལ་མཆེད་པའི་དྲི་དང་ཚོར་བ
སུ་དང་སུ་ལ་སྐྱེས་པའི་མིག་གི་ཚེར་མ
ནག་པོ དམར་པོ དཀར་པོ སེར་པོ
རླུང་གཡུགས་པས་ཆུ་གཡོས ཆུ་རིས་དར་སྐུད་ཤིག་ཤིག
ཆུ་འཕྱུར་པས་རླུང་གཡུགས རླུང་བུ་ཁྲི་རྟ་གཞོག་གཞོག
སྲོག་གི་སྤེན་མ་འབར་བའི་མེ་ལྕེ མེ་ལྕེ་དམར་པོ་ལྗང་ཁུ
འཁོར་བའི་ཐལ་བ་ཕྱར་བའི་ཟེགས་མ ཟེགས་མ་མཐོང་མེད་རེག་མེད
འོད་ལ་བསྒྲོན་པའི་ཕུགས་བསམ་དང་རྨི་ལམ
ལམ་རིང་བོ ལམ་རིང་བོ་སྐྱིད་གསུམ་སྡུག་གསུམ
ཉེ་རིང་ཆགས་སྡང མི་ཚེ་དབྱར་དགུན་སྟོན་དཔྱིད
ང་དང་ཁྱོད ཁོ་དང་ཁོ་མོ
དམྱལ་བའི་གྲམ་ཐང་ནས་ཡང་འཕྲད་དང་བསྐྱར་འཕྲད
དགེ་སྡིག་གྲི་ཁ་ནས་ཕར་འགྱེལ་དང་ཚུར་འགྱེལ
ལས་ཀྱི་གཙང་བོ གཙང་བོ་རབ་མེད
སྐལ་བའི་ཡ་ཁོག་ནས་བྲུག་པས ས་ཆུ་མེ་རླུང
རྟེན་འབྲེལ་གྱི་ས་བོན ས་བོན་བྱེ་བ་ཁྲག་བརྒྱ
ས་བོན་བྱེ་བ་ཁྲག་བརྒྱ་སྨིན་དང་མ་སྨིན
རྣམ་ཤེས་བྱེ་བ་ཁྲག་བརྒྱ་འགག་དང་མ་འགག
སྣང་བའི་མེ་ཏོག་དང་འཇའ་ཚོན ཤོར་ཞོར་དང་འཛིན་ཞོར
དུག་ཁུས་བརླན་པའི་ངག་གི་ལོ་མ ལོ་མ་སྐམ་མ་བརློན
ཡིད་ལ་བྲིས་པའི་ཆུང་འདྲིས་བྱམས་པ བྱམས་པ་ཉེ་མ་རིང
རིག་འཛིན་ཚངས་དབྱངས་རྒྱ་མཚོ བན་དེ་སྐྱ་མིན་སེར་མིན
སྲོག་གི་སྤེན་མ་འབར་བའི་མེ་ལྕེ
ནམ་མཁའི་ཁྲོན་པ་བདག་མེད
༢༠༡༡ . ༠༣ . ༡༥མཚན་མོར།
རྩོམ་ཁུངས། ངེད་དྲ་བ།