བརླན་བཤེར་བཤེར་གྱི་ངོ་གདོང་དེ།
༡
གསེར་ཏོག་གི་ཚི་དྲེག་ནི་ཆར་བའི་ལུད་རྫས་རེད།
ཆར་བ་འབབ་ཐེངས་རེ་རེས། སུ་ཞིག་གི་སྐྱོ་ངལ་སེལ་འགོ་བརྩམས་མོད།
རྡོ་འོག་ཏུ་གཅིར་བའི་འབུ་རིགས་དང་།
རྐང་འོག་ཏུ་ངུ་སྐད་འདོན་པའི་རྩ་ཕྲན་དག་ནི།
དུངས་སྣང་མེད་ཀྱང་། ཆར་ཆུ་རྔམ་འཐུང་བྱེད་པར་ཧ་ཅང་གོམས་ཡོད།
༢
སྨུག་སྤྲིན་ལ་འཇགས་པ་མེད་པར།
ཆར་བ་ཆད་མེད་ཅིག་གི་གྲོགས་སུ་འཐམས་པས།
བདག་གིས་ཚ་རེག་རེག་གི་ངོ་གདོང་དེ་བཙལ་ཞིང་།
བསྐལ་བའི་མེ་རི་ཡིས་རྒོལ་མི་ནུས་པའི་ཆུ་རྒྱུན་འདིར་ཨ་ཐང་ཆད་བྱུང་།
༣
གལ་ཏེ། ང་ནི་རྫུའཕྲུལ་ལ་མཁས་པའི་སྤྲེའུ་ཨུ་གུང་ཡིན་རྒྱུ་ན།
འཐེན་ཐེངས་གཅིག་གིས་གོ་ལ་འདི་སྐུད་པ་ཞིག་ལ་བརྫུས་ཏེ།
ཉི་ཟླ་གཉིས་སྟོད་འགག་གི་ཚུལ་དུ་བཙེམས་ནས།
ཆར་ཐིགས་འགོག་བྱེད་ཀྱི་གདུགས་ཆེན་པོ་ཞིག་བཟོས་ཆོག་མོད།
ཡུལ་མི་ཚོའི་མིག་ཆུ་ལ་ནམ་ཡང་བརླན་གཤེར་འདྲེས་པས།
ལོ་མ་སྐམ་པོ་དེ་ལ་རྒྱང་བལྟ་བྱེད་དགོས་བྱུང་།
༤
གནའ་སྔ་མོ་སྔ་མོ་ཞིག་ལ།
མཚན་མོ་ཡིན་ཡང་ངོ་གདོང་སྐམ་པོ་རེ་མཇལ་ཐུབ་པས།
གློག་སྒྲོན་མེད་པའི་ཁང་པ་དང་།
ས་སྣུམ་མི་བྲོ་བའི་ལམ་བུ་དག་ཀྱང་ཁུ་སིམ་པའི་རྨི་ལམ་ལ་ཞུགས་ཆོག་མོད།
གཅིན་པ་ཁ་མོ་ཞིག་དང་མཚུངས་པའི་ཆར་བ་འདིས།
བདག་གི་ཡོད་ཚད་ཆུ་བོ་ཆེན་པོ་ཞིག་གི་ལྟོ་བར་བརྫངས་བྱུང་།
༥
ཆར་བ་ལ་སུན་སྣང་སྐྱེས་པའི་ལས་བྱེད་དེ་དག
ཆར་བ་ལ་རེ་སྒུག་བྱེད་པའི་འབྲོག་པ་དང་སོ་ནམ་པ་དེ་དག
དོན་དངོས་སུ། ཆར་བ་དང་ཆར་བ་གཞན་ཞིག་གི་གྲུ་ཟུར་ནས་མིག་ཟུང་ཀློད་མོད།
གོ་སྐམ་བཞིན་སྦངས་བའི་བདག་གི་དོན་ལྔ་སྣོད་དྲུག
ཅི་ཞིག་ལ་ཤུགས་རིང་འདོན་དགོས་བྱུང་ཨང་།
༦
ཁ་སང་མཚོ་མོར་བསྐྱལ་མྱོང་བའི་བུ་རྒོད་དེ་གང་དུ་འཕུར་སོང་།
ད་ནངས་ཆུ་ལ་ལྕེབས་པའི་རྣམ་ཤེས་དེ་དག་གང་དུ་བཞུད་སོང་།
དེ་ལྟར་བསམ་ནས་བསམ་གཞིགས་སྐྱ་བོ་ཞིག་གི་གྲུ་ཁར་ཐོན་དུས།
འདམ་རྫབ་ཁྲོད་ཀྱི་འབྲོང་ཁྱུ་དག་མིག་ལམ་དུ་འཁོར་བྱུང་།
བདག་གི་རྨི་ལམ་དང་ཁང་ཁྱིམ་དེ།
ཡང་ན། ས་གཞི་དང་ནམ་མཁའ་ཡོད་ཚད་ཁྱོད་ལ་གནས་ཚང་དུ་གཡར་མོད།
ཨ་ཨ་་་་་་་་་་་་་་་ཆར་བ་ཨང་།
ཁྱོད་ཀྱིས་བདག་ལ་བུ་ལོན་ཙམ་ཡང་མི་མཇལ་དོན་ཅི་ཡིན་ནམ།
༢༠༡༡ལོའི་སྤྱི་ཟླ་༧པའི་ཚེས་༧ཉིན་རང་ཤག་ནས་ཆར་བ་ལ་སུན་སྣང་སྐྱེ་ཞོར་བྲིས་བ་དགེའོ།།
རྩོམ་ཁུངས། ངེད་དྲ་བ།