ལོ་ཟླ་འདི་དག་ལ།
ལོ་ཟླ་འདི་དག་ལ
ང་ཁྱོད་ཕྱོགས་སུ་ཡོང་གིན་ཡོད་
མཁའ་དབྱིངས་ངས་གོས་སུ་བྱས་ཡོད་ལ་
ས་གཞི་ངས་གདན་དུ་བཏིང་ཡོད
ལམ་ཁ་དེ་ནས་
ང་རང་ལམ་ཆེན་བྱེད་དགོས་ལ་
ཆུ་ཁ་དེ་ནས་
ང་རང་ཟམ་པ་རུ་འགྱུར་དགོས་བྱུང་
དུས་དེ་ནས་
ལོ་ཟླ་ག་ཙམ་གྱི་ཚེ་སྲོག་
མིག་ཆུ་དང་ལྷན་ཏུ་ས་རུ་འཐོར་མྱོང་
ཉིན་ཞག་ཅི་ཙམ་གྱི་སྐྱོ་ངལ་
ཤུགས་རིང་དང་མཉམ་དུ་མཁའ་རུ་ཤོར་མྱོང་
གནམ་སྔོན་པོ་ སྐྱོ་ངལ་བརྩེགས་པའི་ཕུང་བ་ཞིག་མིན་ན་
ས་དོག་མོ་ མིག་ཆུས་བརྩིས་བའི་འདམ་གྲུ་ཞིག་མིན་ན
ལོ་ཟླ་འདི་དག
སྡུག་བསྔལ་རྒྱང་རིང་དུ་བསྲིངས་བ་འདྲ་ལ་
དགའ་བའི་དབང་རྩ་ལྷོད་དྲགས་ཀྱང་སྲིད
ཉིན་ཞག་འདི་དག་ལ
གདུང་བའི་སྨུག་སྤྲིན་ཤོར་སོང་བ་འདྲ་ལ་
འཆི་བའི་ལྟས་ངན་སྟོན་པའང་སྲིད
སེམས་པ་ཐལ་བར་འགྱུར་ཞིང་མིག་ཆུ་སྐོ་ཁར་སྐམ་དུས་
ཤག་ཤག་འབབ་པའི་སེམས་པ་ཞིག་ཆར་བ་བཞིན་ཅི་འདྲའི་མཁོ
སྨྱུ་གུ་གྲོགས་སུ་བསུས་ཤིང་ཨ་རག་ཁ་རུ་འཇོག་དུས་
ཤུགས་ཤུགས་འགུལ་བའི་གཡབ་མོ་ཞིག་འདབ་ལོ་བཞིན་ཅི་འདྲའི་མཁོ་
གང་ལྟར་
ལོ་ཟླ་ཆུ་བོ་བཞིན་བཞུར་ཤུལ་ན
ང་སྔར་བཞིན་གཙང་བོར་དུང་བའི་ཟླ་འོད་ལ་ཆགས་ནས་ཡོད
ཉི་མ་ཁ་ནང་ནས་འཆར་ཞིང་ ཟླ་བ་ལག་མཐིལ་ནས་འཇའ་དུས
ང་སྔར་བཞིན་ཁྱོད་ཕྱོགས་སུ་ཡོང་གིན་ཡོད
ལོ་ཟླ་འདི་དག་ལ
རྩོམ་ཁུངས། ངེད་དྲ་བ།