ཤིང་སྒོ་ལེབ་མོ།
ཤིང་སྒོ་ལེབ་མོ་ལོ་ཟླའི་ཁུག་སོ་ན
ཚོར་བ་དང་ཚོར་བའི་གཅེར་ཁུ་རྡོལ་ས
འདས་སོང་གི་རྨི་ལམ་མཐའ་དག་ཁུར་ནས
མ་འོངས་ཀྱི་མཛའ་བརྩེ་ལ་རེ་སྨོན་འཆོར་བཞིན
བཙག་རླུང་དང་ཆར་ཆུའི་ཁྲོད་ན
ཚ་ཟེར་དང་སྡུལ་འཚུབ་བར་ན
ཁྱོད་ནི་ཡང་ཤིང་ཆེ་བའི་ལམ་ཆེན་ཞིག་སྟེ
གོ་རིམ་ངེས་ཡོད་ཅིག་ལས་བལྟས་ན
རྨོངས་མུན་གྱི་ལོ་ཟླ་དང་དེའི་བར་གསེང་ན
ཡུམ་ཆེན་གྱི་ཞལ་ངོ་ལྟར་འཛུམ་མདངས་ཤིག་ཤིག
ཁྱོད་ནི་གཞི་ནས་མཐུན་ལམ་གཤའ་མ་ཞིག
ཁྱོད་ཀྱི་རྒྱས་ཡོད་དང་རྒྱས་མེད་ཀྱི་མགྲོན་པོ་དག
ངའི་མིག་ལམ་ནས་སེམས་དཀྱིལ་བར
ཆུ་སྣ་བཞིན་ཁྲིད་འོང་བ་དེས
ངའི་སེམས་ལྗོངས་ལ་གསོན་ཤུགས་གང་མང་མནན
དེ་རིང་གི་ཤིང་སྒོ་ལེབ་མོ
རྡུལ་འཚུབ་ཀྱི་བར་གསེང་ན་སྐྱོ་ཉམས་ཆགས་འདུག
རེ་བས་མ་ཟིན་པའི་རྐང་རྗེས་སྒོར་མོ
མིག་ལམ་ནས་བོར་བའི་འཛུམ་མདངས་དེ་དག
རེ་རེ་བཞིན་འཚོལ་འདོད་ཡོད་ཀྱང
རི་བོ་ཡང་ལྗང་མདོག་གིས་འགྱུར་ཚར་འདུག་ལ
ཆུ་མོ་ལྷུང་ལྷུང་གང་སར་བཞུར་སོང་བ་ཆ་མ་འཚལ
སྒོ་འགྲམ་དེ་ན་གཞི་ནས་བོར་བའི་རྐང་རྗེས་དག
ས་རྡུལ་བཞིན་རླུང་གིས་དེད་སོང་ངམ
བད་མོ་ལྟར་ཉི་མས་ཞུ་སོང་བ་རེད
ནང་རོལ་ན་སེམས་པ་དཀར་གཙང་དེས
རྣམ་རྟོག་གི་རྨ་ཁ་ཁེབས་ཀྱིན་མེད་ལ
མི་སེམས་ཀྱི་དོག་གཞི་དེ་བས་སེལ་གྱིན་མེད་པས
སྟོང་སང་སང་གི་སྒོ་ཁྱིམ་ན་ཨུ་ཤུ་འཐེན་བཞིན
རང་ངོས་ན་ཞུབ་ཚགས་ཀྱིས་འཚོལ་བཞིན་པ་ནི
ཁྱོད་ཚོའི་སེམས་ནང་ན་བཟུང་བའི་ནད་དུག་དེའི་འབྱུང་རྐྱེན་ནོ
༢༠༡༡ ༤ ༡༠ བྲིས།
རྩོམ་ཁུངས། ངེད་དྲ་བ།