ཉི་མས་མ་གྲོལ་བའི་པདྨ།
ཆུ་སྐྱེས་མ་འཛུམ་འདབ་མ་མ་གྲོལ་ཀྱང་། །
གེ་སར་འཛིན་པ་མི་གནས་འཁོར་འགྲོ་དག །
བྱ་བྲལ་པདྨའི་སྐྱེད་ཚལ་དུ་འཕུར་ཏེ། །
མངར་ལྡན་འཐུང་ཆེད་གཤོག་ཟུང་ལྡེམ་ལ་ལྟོས། །
ལྟ་བས་ཆོག་མི་ཤེས་པའི་མཛེས་སྡུག་དང་། །
ཞིམ་པོའི་དྲི་བསུང་སྣོམ་བྱེད་ལམ་དུ་འཐུལ། །
རང་བཞིན་འདི་འདྲ་ལྡན་པའི་དཔལ་གྱི་གོས། །
འདོད་ལྡན་ཀུན་ཡིད་འཕྲོག་པའི་གཞི་རུ་གྱུར། །
འཇམ་ཞིང་དཀར་དམར་དག་གི་མདངས་ལྡན་ཞིང་། །
གེ་སར་འདབ་མ་རྣམ་བཀྲ་ཡིད་དུ་འོང་། །
སྦྲང་རྩའི་རྒྱལ་མཚན་འདི་ཉིད་ངལ་བ་ལ། །
མ་བསྟེན་བཅུད་འཛིན་ཟིལ་གྱིས་བསྡུས་པ་མཚར།།
ཁྱབ་བྱེད་མཐོང་ཚེ་དགའ་འཛུམ་མི་སྟོན་ཞིང་། །
དྲི་བཞོན་ལྷགས་པས་གཡོ་འགུལ་གཏོང་མིན་ཏེ། །
ལང་ཚོ་རང་བཞིན་དར་བའི་འདབ་སྟོང་འདི། །
མཐོང་བ་ཙམ་གྱིས་འདོད་པའི་སྤུ་ལོང་རྒྱས། །
༢༠༡༡.༥.༡༠ཉིན།
རྩོམ་ཁུངས། ངེད་དྲ་བ།