ཁྱོད་ཀྱི་ལག་མཐིལ་དུ།
སྤྲིན་པ་དང་ནམ་མཁའ་ཡུག་གཅིག་ཏུ་བལྟས་ནས།
གཤོག་པའི་སྟེང་གི་རུལ་དྲི།
མུ་མེད་པའི་གཞི་ལ་སྤྲུག་སྤྲུག་བཏང་།
ཤུལ་དུ་ལུས་པའི་མཛེས་སྡུག་གི་རྒྱ་ཁྱོན།
ཁྱོད་ཀྱི་ལག་མཐིལ་དུ།
མི་ཆེ་མི་ཆུང་བར་ལམ་ལམ་འཚེར་ཞིང་།
འཇིག་རྟེན་གྱི་འདམ་མྱགས་ལ་རོལ་བའི་ཚེ་སྲོག
ཚེ་སྲོག་དེས་བསྐྲུན་པའི་མེ་ཏོག་སེར་བོ།
མེ་ཏོག་དེ་ལས་བརྫུས་ཏེ་སྐྱེས་པའི་རིག་པའི་བུ་ཆུང་།
བུ་ཆུང་དེ་མྱ་ངན་ལས་འདས་རྗེས་ཀྱི་ཐུགས་རྗེའི་སྤྱན་ཞགས།
སྤྱན་ཞགས་དེ་གང་ལ་ཕོག་པའི་འཁོར་བའི་རྒྱ་མཚོ།
དེ་དག་ཐམས་ཅད་ཀྱང་།
ཁྱོད་ཀྱི་ལག་མཐིལ་ལས་འདའ་ཐབས་མི་འདུག
རྩོམ་ཁུངས། ངེད་དྲ་བ།