སྙན་ངག་རིང་མོ། མཚན་མོའི་ལེའུ།
༡
དུས་ཚོད་ལ་ཕྱི་ནང་མེད་པས
མཚན་མོ་ལའང་ཕྱི་མང་མེད
བར་ཐག་གིས་བསྐྲུན་པའི་མི་སེམས་ཀྱི་ངོ་གདོང་འཚོལ་ཕྱིར
བདག་གིས་རང་བྱུང་གི་ངོར་འཐིམས་པའི
རྒྱང་རིང་གི་ཚོར་འདུ་དེའི་སླད་དུ
མཚན་མོའི་རྒྱལ་ཁམས་འགྲིམས
བྲག་ཅར་འཁྱིལ་བའི་བརྩེ་འདང་གི་ལྷུ་རྐང་རེ་རེ
ཐོག་མའི་གོམ་ཁ་བསྒྱུར་ས་ཡིན
མཚན་མོའི་འཇིག་རྟེན་ནི
ང་གཅིག་པར་དབང་བའི
ཆེས་རྣམ་དག་གི་གཤིན་ས་ཡིན་པས
རྩིག་ངོས་སུ་མངོན་པའི
ས་རྡུལ་གྱི་ཕུང་བོ་རེ་རེ་ཡིས
ང་ལ་སྨྲ་བསམ་བརྗོད་འདས་དང
མཆི་མ་རྐྱང་གིས་བསྐྲུན་པའི
ཞེན་ཆགས་ཀྱི་མིག་དབང་བསྩལ
༢
མཚན་མོ་ནི་འུག་པ་ཁོ་ནར་མི་དབང་ལ
སྤྱང་ཚོགས་ཀྱི་གཞིས་ཁྱིམ་ཡང་མ་ཡིན
མཚན་མོ་ནི མེ་ཏོག་གི་འདབ་ལོའི་སྟེང་དུ
གསེར་ནག་གི་ཁ་འབབ་པའི་དུས་ཚིགས་ཡིན་པས
དབྱེན་དཀྲུགས་དང་ཟོལ་བཅོས་ཀྱི་སྦྱོར་བ་མེད་ལ
གྲལ་རིམ་དང་མཆོག་དམན་གྱི་གོམས་སྲོལ་མེད
དེ་བས མཚན་མོ་སླེབས་དུས
སུས་ཀྱང་མཐོང་མྱོང་མེད་པའི
ཆུང་ཞིང་ཆུང་བའི
ཉམ་ཐག་གི་ཚེ་སྲོག་མང་པོ་ཞིག
ས་རྡུལ་གྱི་གས་གསེབ་བར་ནས་མངོན་ཆུང་གིས་འཛུལ་ཡོང་ལ
ཁོ་ཚོས་ཁོ་ཚོ་དང་འཚམ་པའི
ཞི་བདེ་བག་ལྷོད་ཀྱི་འཚོ་གནས་ཤིག་གསར་དུ་བསྐྲུན
མ་གཞི་ནས ཁོ་ཚོ་ནི་ཆེས་སྤྱིར་བཏང་བའི་རིགས་ཏེ་ཡིན་པས
ཕན་ཚུན་ལ་ཀུ་རེ་དང་རྩེ་དགོད་བྱེད་པ་ལས
ངོ་གདོང་ལས་འགྲེལ་བརྗོད་དཀའ་བའི་རྣམ་པ་གཞན་གང་ཡང་མི་མངོན
༣
མཚན་མོ་ནི་སྤྱི་མཐུན་ཞིག་ཡིན་ཏེ
དུས་ཚོད་ཀྱི་ཚེ་སྲོག་རྟོགས་མི་སྲིད་ཀྱང
རང་བྱུང་གི་མཛེས་སྡུག་ལ་རྒྱུས་ཆ་ཤིན་ཏུ་ཟབ
ཁྱོད་རང་མཚན་མོ་དང་ཅི་ཙམ་ཉེ་རུ་བཅར་ན
མཚན་མོའི་སྐྱེ་འགྲོ་ཡོངས་ཀྱིས
ལྷག་བསམ་རྣམ་དག་གིས་མགྲོན་བསུ་བྱེད་ལ
དེ་ནི་ཁྱོད་ཀྱི་ནང་རོལ་ལ
བཙན་འཛུལ་བྱེད་བསམ་པའི་དམིགས་ཡུལ་གཏན་ནས་མིན
ཡང་ན ཁྱོད་ནི་ཕོར་བ་དང་ལྟོ་གོས་མེད་པའི་མུ་ཏོ་བ་ཞིག་ཡིན་ཡང
ཆེས་རླབས་ཆེ་བའི མགྲོན་པོ་གལ་ཆེན་ཞིག་དུ་བརྩི་ངེས་ལ
ཁྱོད་རང་བདག་པོ་བཞིན
མཚན་མོའི་ཁྱིམ་གཞི་དབང་བསྒྱུར་བྱས་ཆོག
༤
མཚན་མོར མ་ཡུམ་ལས་ལྷག་པའི
མ་ཡུམ་གྱི་སེམས་གསོ་རེག་ཐུབ་པས
སྦྲ་ནག་གི་ཕུག་པ་རུ
འོད་ཀྱི་གདུ་བུ་བཀླུབས་པའི
མར་མེའི་སྟོང་ཕྲག་ལས
ཁྱོད་རང་སོང་ཆོག་ཆོག་གི
མ་འོངས་པའི་རེ་འདུན་མཐོང་ཐུབ་པས
མཚན་མོ་ནི་ཞི་བདེ་དང་དྲང་བདེན་ཁོ་ནའི
སྙིང་ཉེ་བའི་མཛེས་སྡུག་ཅིག་ཡིན་པས
ཁྱོད་ཀྱིས་གློ་སྙིང་བྲང་གསུམ་ཕུད་ནས
མཚན་མོའི་ཕྱི་ནང་ནས་འགྲེམས་སྟོན་བྱས་ཀྱང
ལྐོག་གཡོ་ངན་ཇུས་ཀྱི་ལག་ཟུང་བསྲིང་མཁན་མེད
ཡིན་ཡང མཚན་མོའི་ལྗོངས་རྒྱུ་རོལ་མཁན་དག་ལ་མཚོན་ན
མཚན་མོ་ནི་གསང་བ་ལྐོག་གྱུར་ཞིག་དུ་བགྲང་བས
མཚན་མོའི་རྩ་ལམ་རེ་རེ་ལ
རྟོགས་དཔྱོད་ཞིབ་འཇུག་བྱེད་པར་དགའ་བས
བརྙན་ལེན་དང་པར་ཆས་བཟུང་ནས
མཚན་མོ་ནི་མ་གཞི་ནས་མཚན་མོ་ཞིག་དུ་བགྲང་ཡོད
༥
གདོན་འཕྲུལ་གྱི་བཟི་ཁ་ལྟ་བུའི
རིགས་དྲུག་གི་མགོ་བོ་རྨོངས་ས་ནི
ཉི་འོད་ཀྱི་མཛེས་སྡུག་རྩོད་པའི
ཉིན་མོའི་གར་སྟེགས་ཡིན་པས
གལ་ཏེ སུ་ལའང་སྡུག་བསྔལ་རྐྱང་རྐྱང་གི
ལོ་རྒྱུས་ཀྱི་གླེགས་བམ་ཞིག་རྫོགས་རྒྱུ་ཡོད
དེ་བས མཚན་མོའི་ལོངས་སྤྱོད་མཁོ་བའི
ཉམ་ཐག་གི་ཚེ་སྲོག་གྲངས་མེད་ཅིག
མཚན་མོའི་མེ་ལོང་ནས་ནང་རོལ་དུ་རྒྱུ་ཞིང
མཚན་མོའི་མེ་ཏོག་གི་འདབ་མའི་སྟེང་དུ
ཞེ་བརྩེ་ལྷོད་ལྷོད་ཀྱིས
བར་ཐག་དང་ཉེ་རིང་མེད་པར
རང་སེམས་ཀྱི་འདོད་མོས་བསིལ་ཆུ་བཞིན་གཏོར་ཆོག
དེ་ནི མངོན་འགྱུར་ལས་གྲུབ་པའི་དོན་དམ་གྱི་བརྩེ་བ་ཡིན་པས
རྫུ་བག་དང་ཕྱི་བཤོལ་བགྱིས་ཚེ
ཀ་ཁ་སློབ་པའི་བྱིས་པ་ཡིན་ཡང
བདེན་ལུགས་ཀྱི་སྨྱུ་གུ་བཟུང་ནས
གྱེན་ལོག་གི་རྒོལ་ལན་སློག་ངེས
༦
གལ་ཏེ ཁྱོད་རང་ཉིན་མོའི་བསླུ་བྲིད་ལ་གོམས་དྲག་པས
ནམ་རྒྱུན་རང་རང་གི་དམིགས་འབེན་ཆེད་དུ
དོན་དམ་གྱི་བདེན་ལུགས་ཁ་ཤས
སྒེར་གཅོད་ལྟ་བུའི་ཤན་ཤུགས་འོག་སྦས་སྐུང་བྱས་ཚེ
མཚན་མོ་དང་བར་ཐག་ཤིན་ཏུ་རིང་བའི
ཝ་མོའི་གདོང་སྤགས་ཀླུབས་པའི་སྡར་མའི་རིགས་ཡིན་པས
མཚན་མོའི་འཇའ་ཚོན་མཐོང་འདོད་ཀྱང
དེ་ནི་རང་ཉེས་དམར་རྗེན་གཏོང་བའི་ནོར་འཁྲུལ་ཞིག་ལས
སུས་ཀྱང་ཁྱོད་ནི་ཁྱོད་ཉིད་དུ་བརྩི་མི་སྲིད
༧
མཚན་མོའི་འཇིག་རྟེན་ལ་འཆམ་འཆམ་དུ་འགྲོ་བ་དག་གི
མཚན་མོའི་ངོ་གདོང་ལ་རྒྱུས་ལོན་ཡོད་པ་དག་ཡིན་ལ
རང་སེམས་གཞུང་བཞེས་ཕོད་པའི་སྟག་ཤར་ཏག་ཏག་ཡིན
དུས་ཚོད་ལ་རྒྱུས་ལོན་མེད་ཀྱང
རང་སེམས་ལ་ཡིད་ཆེས་ཡོད་དེ
གལ་ལ་ཐུག་དུས དགྲ་བོ་ནི་རང་ཉིད་གསོད་པའི་རྩྭ་ཕུང་ཞིག་ཏུ་བགྲང་ཡོད
དེ་ནི མཚན་མོའི་དམག་འཐབ་བྱེད་སྟངས་གཞན་ཞིག་ཡིན་པས
གངས་རི་དང་གཙང་བོ་ལ་མགོ་བོ་སྙེས་ནས
མཇུག་མཐའི་ཚེ་སྲོག་ལ་བདེ་མོ་འཇོག་ངེས
ཡིན་ཡང ཁོ་ཚོ་ནམ་ཡང་དགྲ་བོའི་ཟིལ་ཤུགས་ལ་ཞེད་སྣང་སྐྱེས་མ་མྱོང
༨
མཚན་མོའི་རླུང་བུ་ནི་ཞི་འཇམ་གྱིས་གཡུག་ངེས་ལ
ཟླ་འོད་ནི་མཚན་མོའི་རྨི་ལམ་ལ་མཛེས་སྡུག་བསྐྲུན་མཁན་གྱི
ཁ་དོག་གཞན་ཞིག་ཡིན
སྐར་ཚོགས་ནི་མཚན་མོའི་སེམས་འགྱུ་ལ
གསོན་ཤུགས་སྣོན་པའི་སྒེའུ་སྟེགས་ཆུང་ཆུང་ཞིག་ཡིན
དུས་བཞིའི་སོ་མཚམས་བར
ཉམ་ཆུང་གི་སྐྱེ་འགྲོ་འདི་དག་ལ
ཐོལ་བརྒལ་དང་མཆོངས་སྐྱོད་ཀྱི་དམིགས་ཡུལ་གང་ཡང་མེད་དེ
ཆོག་ཤེས་ནི་གཏན་ནས་དོར་མི་སྲིད་པའི་ཁོ་ཚོའི་རྩ་ཁྲིམས་ཡིན་པས
སུ་ཞིག་གནད་འདི་དང་འགལ་ཚེ
ཕ་བུ་ཡིན་ཡང རང་ཁྱིམ་ལ་གོམ་ཁ་སྤོ་བའི་དབང་ཆ་མེད་པས
སུ་ཡིན་ཡང་དམྱལ་ཁམས་དང་དམྱལ་ཁམས་ལས་ལྷག་པའི
གནས་ཡུལ་གཞན་ཞིག་དུ་རྒྱང་ཕུད་ལ་གཏོང་ངེས
༩
མདོར་ན མཚན་མོ་ནི་མཚན་མོ་ལས་ལྷག་པའི
འཇིག་རྟེན་གཞན་ཞིག་དུ་སྣང་བས
སུས་ཀྱང་མཚན་མོའི་ངོ་གདོང་ལ
འགྲེལ་བཤད་རྒྱག་པའི་དབང་ཆ་མེད
༡༠
འོན་ཀྱང རྒྱང་རིང་གི་གནམ་སའི་འདྲེས་མཚམས་སུ
གསལ་ལ་མི་གསལ་བའི་འོད་ཀྱི་གོང་བུ་ཞིག
ཆེ་ནས་ཆེ་རུ་ཕྱིན་གྱིན་འདུག་ལ
དེ་ནི་ལོག་སྤྱོད་མཁན་གྱི་མེ་མདའ་ནང་བཞིན
མཚན་མོའི་བྲང་གཞུང་དང
ཐད་ཀར་གཏད་ཡོད་པས
བདག་གིས་གཞི་ནས
མཚན་མོའི་འབྱུང་འགྱུར་དང་རྨི་ལམ་གྱི་ཕྱིར་དུ
ཨུ་ཚུགས་དང་སྡུག་བསྔལ་གྱི་མགོ་བོ་ནང་དུ་བསྡུས་ནས
མིག་ཟུང་ལག་པའི་ཟུམ་ཞོར
མཚན་མོའི་འཇིག་རྟེན་དང་བདེ་མོ་བཞག
༡༡
དུས་ཚོད་ལ་ཕྱི་ནང་མེད་པས
མཚན་མོ་ལའང་ཕྱི་ནང་མེད
བདག་གིས་སྤྱི་འགྲོས་འདི་སྙིང་ལ་སྒོམ་ནས
དུས་ཚོད་སྐར་ཆ་གཅིག་ལའང
མཚན་མོའི་འཇིག་རྟེན་ལ་ཕྱིར་མིག་འཕེན་ངེས།
2011.6.10. དགོང་མོ་བྲིས།
རྩོམ་ཁུངས། ངེད་དྲ་བ།