ཕ་ཡུལ་དང་ཕ་ཡུལ་གྱི་གཞན་དག
ཕྱི་ནང་གི་སྣོད་བཅུད་ཀྱིས་གཏམས་པའི་ཕ་ཡུལ་དེར།
མགོ་ཐོག་ནས་སེམས་གཏིང་དུ་ཟུག་པའི་ཁ་བ་ཆེན་པོ་དེ།
ཞེ་སྡང་གིས་བབས་ཤིང་མཚམས་ཆད་རྗེས།
ཉི་ཟེར་གྱི་འདབ་མའི་ཁྲོད་ན །
གངས་རི་དཀར་པོས་མུ་ཏིག་གི་དོ་ཤལ་འཆང་འདུག
ཁ་སང་དང་དེ་རིང་གི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ན །
མེས་པོའི་ཤུལ་ལམ་ན་གསེར་མདངས་འཕྲོ་ཞིང་།
འཇིག་ཉམས་མེད་པའི་འོད་ཀྱི་གོང་བུ་ཞིག
གངས་དཀར་གྱི་ཕྲག་གོང་ན་བཙུགས་འདུག
འདི་ནི་ལོ་རྒྱུས་ཀྱི་རྡོ་རིང་དང་སྙིང་སྟོབས་ཀྱི་དན་རྟགས་མ་ཡིན་ནམ།
ཕ་ཡུལ་ན ། དཔའ་བོ་དང་མི་བུ་གང་མང་གི་ཁྲག་དྲི་བྲོ་ཞིང་།
ངོམ་ཆོག་ཆོག་གི་གསེར་གྱི་ས་བོན་སོ་བཞི་གཏོར་འདུག་ཨང་།
ཕ་ཡུལ་ནས་ཕ་ཡུལ་བསམ་སྟེ་ཡོང་ཞིང་།
ཕ་ཡུལ་ནས་ཕ་ཡུལ་ལ་འཐིམ་འགྲོ །
ཡིན་ཡང་།
ཕ་ཡུལ་ཡ། ཚན་རྩལ་གྱི་འཕུར་གྲུས་ཁྱོད་ཀྱི་ནམ་མཁའ་གཅོད་ཀྱི་འདུག
རྩྭ་ཐང་ཡ། དུས་རླུང་གི་སོ་ཁས་ཁྱོད་ལ་ལྕགས་དྲ་བསྐོར་གྱི་འདུག
འོན་ཀྱང་། ཉི་མ་ཕར་ལ་ནུབ་ཐེངས་རེ་རེ ། ཟླ་བ་ཚུར་ལ་ཤར་ཐེངས་རེ་རེ །
ཁྱོད ། ཁྱོད་ད་དུང་……
ཁྱོད་རང་ནས་ཆང་དཀར་ཡོལ་གང་གིས་བཟི་སོང་བའམ།
སྔོ་ཚོད་སྡེར་མ་གང་གིས་བརྒྱགས་སོང་བ་ཡིན །
ཡང་ན ། ལྗིད་དྲགས་ནས་འགུལ་མ་ཐུབ་པའམ།
ཡང་དྲགས་ནས་རླུང་གིས་ཁུར་སོང་བ་ཡིན །
ཕ་ཡུལ་ཡ། བདག་གི་ཡུམ་ཆེན་གྱི་རུམ་གཞོང་དྲོན་མོ།
ཐོག་མ་ནས་ཁྱོད་ཀྱི་བྱང་ཁོག་སྟོད་ན་ཡོད་ཚད་འཛོམས་པས།
རེ་འབོད་དང་ཅོང་སྒྲ་སྒྲོགས་དགོས་དོན་མེད་མོད །
འོན་ཀྱང་ ། རི་ཆུ་སྟོང་ཕྲག་གི་འཁུན་སྒྲ་དང་ངུ་ཤུམ་དེའི་ཁྲོད་ན །
རི་སྐྱེས་སྲོག་ཆགས་ཀྱིས་མིག་ཆུའི་ཕྲེང་ཐག་འཐེན་འདུག་ཨང་།
གང་ལྟར།
ཕ་ཡུལ་ནས་ཕ་ཡུལ་བསམ་སྟེ་ཡོང་ཞིང་།
ཕ་ཡུལ་ནས་ཕ་ཡུལ་ལ་འཐིམ་འགྲོ །
ད་དུང་……
རྩོམ་ཁུངས། ངེད་དྲ་བ།