ལོ་ངོ་སུམ་བརྒྱའི་ཡར་སྔོན།
ལོ་ངོ་སུམ་བརྒྱའི་ཡར་སྔོན་ནི
སུས་ཀྱང་རེག་མི་ཕོད་པའི་ཆུ་ཐིགས་འོད་དྭངས་ངེ་བ་དེ་ཡིན
རྩྭ་རྐང་གི་ཚོགས་རྟ་ཕོའི་ཡོབ་མིག་ལ་འཛིངས་ཤིང
རྩྭ་ཟིལ་གྱིས་ཕོ་རྒོད་ཀྱི་ལྭ་འདབས་བརླན་ཞིང
འུར་རྡོ་ཡིས་གཉིད་ཀྱི་འདབ་ཆགས་དང་རི་དྭགས་དཀྲོག
མི་སྲིད་པའི་དུས་དེ་ཡིན་ངེས
ལོ་ངོ་སུམ་བརྒྱའི་ཡར་སྔོན་ནི
སྦྲ་ནག་གི་རུ་དཔུང་སྟོབས་དང་ཟིལ་གྱིས་བསྒྲིགས་ཤིང
མདུང་རིང་གི་ཡུ་བ་བལ་དཀར་གྱི་འཇིལ་ལིས་ཁེབས་ཤིང
ཨ་ཕའི་གདོང་གི་ཁྲོ་གཉེར་ལ་ངར་ཤ་བདོ་བའི་དུས་དེ་ཡིན་ངེས
ལོ་ངོ་སུམ་བརྒྱའི་ཡར་སྔོན་ནི
ངའི་ཨ་མེས་གནས་འདིར་ཡོང་མ་ཐག་པའི་དུས་དེ་ཡིན་སྲིད་ལ
བ་ཁ་ཐོག་མར་བཏབ་པའི་དུས་དེ་ཡང་ཡིན་སྲིད
2011-9-15
རྩོམ་ཁུངས། ངེད་དྲ་བ།