ཁྱོད་ནི་སྙིང་ཡིན།
ཆུང་ཆུང་གི་ཁྱོད
མཛེས་སྡུག་གི་ཁྱོད
ཁྱོད་ནི་སྙིང་ཡིན
རེ་བའི་ཁྲག་རྩ་ཁྱོད་ལ་འཐེན་ཡོད
བྱམས་བརྩེའི་ཁྲག་རྒྱུན་ཁྱོད་ལ་བརྒྱུས་ཡོད
ཁྱོད་ནི་ཡ་ཆུང་གི་སྙིང་དམར་བོ་དེ་ཡིན
མེ་ལྕེ་ལྟར་འབར་དགོས་པའི་ཁྱོད
མེ་ཏོག་ལྟར་འཛུམ་དགོས་པའི་ཁྱོད
ཁྱོད་ནི་སྙིང་ཡིན
ཡོད་ཚད་ཀྱི་ཡ་ཆུང་ཁོག་ན་ཡོད
ཐམས་ཅད་ཀྱི་བྲང་གཞུང་ན་ལྡིང་གིན་ཡོད
ཁྱོད་ནི་རེ་བས་བཏུམ་པའི་གཅེས་ཕྲུག་སྙིང་རྗེ་དེ་ཡིན
རུམ་ཁ་ནས་དོར་མ་མྱོང་བའི་ཁྱོད
སེམས་ཁོང་ནས་བརྗེད་མ་མྱོང་བའི་ཁྱོད
ཁྱོད་ནི་སྙིང་ཡིན
འཛུམ་མདངས་ཀྱི་ཁུགས་སོ་ན་ཆགས་ཡོད
མིག་ཆུ་ཡི་ཐིགས་ཕྲེང་ལ་སིམ་ཡོད
ཁྱོད་ནི་རེ་སྨོན་གྱིས་གྲུབ་པའི་སྙན་ངག་དེ་ཡིན
སྙིང་གཏམ་ལྟ་བུའི་ཁྱོད
མིག་ཆུ་ལྟ་བུའི་ཁྱོད
ཁྱོད་ནི་སྙིང་ཡིན
ནམ་ཡང་སེམས་ཁོང་ན་འཛུམ་གྱིན་ཡོད
ནམ་ཡང་མིག་ཀོང་ན་འཁྱིལ་གྱིན་ཡོད
ཁྱོད་ནི་ངའི་སྙན་ངག་གི་སྙིང་དེ་ཡིན
ཁྱོད་ནི་སྙིང་ཡིན
རེ་བ་དང་སྨོན་པས་བཏུམ་ཡོད་པའི་སྙིང་དེ་ཡིན
ཡིད་ཆེས་དང་སྤོབས་པས་རྒྱས་དགོས་པའི་སྙིང་དེ་ཡིན
ཁྱོད་ནི་བཙས་སྐྱིད་སྒྲོལ་མ་ཟེར་བའི་སྙིང་དེ་ཡིན
ཁྱོད་ནི་རྡོ་རྗེ་སྒྲོལ་མ་ཟེར་བའི་སྙིང་དེ་ཡིན
ཁྱོད་ནི་རྟ་མགྲིན་སྒྲོལ་མ་ཟེར་བའི་སྙིང་དེ་ཡིན
ཁྱོད་ནི་ངའི་ཡ་ཆུང་གི་སྙིང་དམར་བོ་དེ་ཡིན
༢༠༡༡ ༩ ༢༨
རྩོམ་ཁུངས། ངེད་དྲ་བ།