ཉམས་པ་མེད་པའི་སྙན་ངག་གི་རྒྱལ་སྲས།

                                    --------- སྙན་ངག་པ་ཡི་དམ་ཚེ་རིང་ལ་རྗེས་དྲན་དུ།
དོ་ནུབ། ལྷིང་འཇགས་ཀྱི་སྦྲ་ཁྱིམ་ནས་མཆེད་པའི་མྱ་ངན་གྱི་དབྱངས་རྟ་ཞིག་དང་། 
ཡང་ན་ཡལ་ཟིན་པ་མཐའ་དག་ལ་རེ་འབོད་ཀྱི་འཁྲེང་སེམས་རྡོག་རྡོག་ཅིག་གི་བཟི་ཁ་ནས།
ངས་ཁྱེད་ཀྱི་ནུ་ཞོ་ལྟ་བུའི་སྙན་ཚིག་དེ་དག་ངག་ནས་ཡང་ཡང་དུ་བཟློས།
དུས་དེར། ངའི་རང་སེམས་ཀྱི་གཏད་སོ་སྟེ།
རྒྱང་བཞུད་ཀྱི་རྣམ་ཤེས་གསོན་པོ་དེ་རྨི་ལམ་བཞིན་རྨིས་བྱུང་།

ཚི་དྲེག་ཆགས་པའི་ལོ་ཟླ་དེའི་གསེབ་ཏུ།
ཁྱེད་ཀྱི་ལྕགས་གླིང་ལྟ་བུའི་གླུ་སྐད་ཀྱིས་སྦྲ་ནག་དང་ལུག་ཁྱུའི་ལྷིང་འཇགས་དཀྲོགས་ལ།
འབྲོག་པའི་རྩ་ཐང་དང་རོང་པའི་ས་ཞིང་ལ་དགའ་སྐྱོ་ཆགས་སྡང་གི་མེ་དཔུང་འོད་དུ་སྒྲོན་དུས།
རིགས་རུས་ཀྱི་བརྩེ་བ་དང་ཟུངས་ཁྲག་གི་དྲོད་ཁོལ་ཁོ་ནས།
མི་རབས་ཤིག་གི་བེམ་རོ་ལ་རྒྱང་སྐྱོད་ཀྱི་རྣམ་ཤེས་བསྩལ།
ཀྱེ་ཀྱེ། བཞུད་ཟིན་པའི་མཐོ་སྒང་གི་སྐར་མ་འོད་ཆེན།
ཁྱེད་ནི་རིགས་ཁྱུ་ཞིག་གི་ལས་དབང་དབྱངས་སུ་གྱེར་བའི་གླུ་བ་ཡིན།
ཁྱེད་ནི་ཡར་ཀླུང་སོག་ཁ་ནས་མཆེད་པའི་རྣམ་ཤེས་གསོན་པོ་ཞིག་གི་ས་བོན་ཡིན།

ཐེངས་དུ་མར། ངས་ཁྱེད་ཀྱི་གློག་ཞགས་ལྟ་བུའི་སྙན་ཚིག་གི་གསེབ་ན།
ཡབ་མེས་ཚོའི་ངག་ནས་བཟློས་ཤིང་ཟློ་བཞིན་པའི་གསང་བ་དེ་གསལ་ལེར་རྟོགས་སོང་།
ལན་མང་པོར། ངས་ཁྱེད་ཀྱི་སྐར་མདའ་བཞིན་བཞུད་ཟིན་པའི་རྣམ་ཤེས་དེའི་ཕུགས་ན།
བདག་མེད་ཀྱི་ལུག་ཁྱུ་ཞིག་གི་འཕག་འཚག་གི་ང་རོ་དེ་གོ་བྱུང་།
འོན་ཀྱང་ད་ལྟ། ཁྱེད་རང་གཞི་ནས་འཇིག་རྟེན་འདིའི་ཕ་རོལ་དུ་ཆས་སོང་།
གསོན་པོ་ཁྲི་ཕྲག་གི་མིག་ཆུ་དང་བརྩེ་བ།
ད་དུང་། རང་ཉིད་ཀྱི་སྙིང་དུ་སྡུག་པའི་གྲིབ་མ་རྒྱབ་ཏུ་བསྐྱུར་ནས་བུད་སོང་།

དུས་དེ་རིང་། སྐྱོ་ངལ་དང་སྡུག་ཡུས་ཀྱིས་མནར་བའི་འཇིག་རྟེན་འདི་རུ།
ངས་ཁྱེད་ཀྱི་གླེགས་བམ་གྱི་ཁྲོད་དུ་ཉིན་མཚན་སྐྱེལ་མྱོང་ལ།
ཐེག་དཀའ་བའི་དྲན་པ་རབ་རིབ་ཞིག་གི་ཀློང་དུ།
ངས་ཁྱེད་ཀྱི་མིང་ནས་ཡང་ཡང་དུ་བོས་མྱོང་།
ཀྱེ་ཀྱེ། ཙོང་ཆུ་སྔོན་མོའི་མངར་བཅུད་ཀྱིས་གསོས་པའི་སྙན་ངག་གི་རྒྱལ་སྲས།

ཤི་བ་སླར་གསོན་མེད་ཅིང་འདས་ཟིན་པ་མཐའ་དག་གཏམ་རྒྱུད་དུ་གྲུབ་ནའང་།
ཁྱེད་ནི་གཟིམ་པ་མེད་པའི་བསྐལ་བའི་མེ་དཔུང་བཞིན།
བོད་པའི་སེམས་ཁམས་ཀྱི་ཤོག་ངོས་ལ་བསུབ་མེད་ཀྱི་རི་མོ་བཞིན་བརྐོས་ཡོད།
ཀྱེ་ཀྱེ། ཉམས་པ་མེད་པའི་སྙན་ངག་གི་རྒྱལ་སྲས།
            -----ཟླ6པའི་ཚེས27ཉིན་ཁམས་ཡུལ་ཤུལ་དུ་སྐྱོད་པའི་ལམ་བར་དུ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉམས་པ་མེད་པའི་སྙན་ངག་གི་རྒྱལ་སྲས།

2011-09-24 ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།