འབྲོག་མོའི་ལས་དབང་།
འབྲོག་མོའི་ལས་དབང་ དཔྱིད་ཁའི་ཆར་བ་འདྲ་
ཆར་བ་བཞིན་འབབ་པའི་མིག་ཆུས་མེ་ཏོག་གི་ཚོགས་ལ་བརྩེ་བ་སྟེར་ཞོར་
འཇིག་རྟེན་གྱི་སྒོ་མོ་རིམ་གྱིས་རྡུང་དུས་
ངས་ཁྱེད་ཀྱི་ལྷད་མེད་དྭངས་གཙང་གི་བྱིས་བློ་དྲན་བྱུང་
འབྲོག་མོའི་ལས་དབང་ དབྱར་ཁའི་ཁུ་བྱུག་འདྲ་
ཁུ་བྱུག་བཞིན་གྲག་པའི་བཞོ་དབྱངས་སྙན་མོས་འབྲི་ལྡང་ལ་བརྩེ་བ་གནང་ཞོར་
བཅོ་ལྔའི་གསང་བ་བྲང་གཞུང་ནས་འབུས་དུས་
ངས་ཁྱེད་ཀྱི་ལང་ཚོའི་མཛེས་པ་དྲན་བྱུང་
འབྲོག་མོའི་ལས་དབང་ སྟོན་ཁའི་སྡོང་ལོ་འདྲ་
སྡོང་ལོ་བཞིན་ཐོར་བའི་མཆི་མས་ཡུལ་མི་ཚོའི་སེམས་པ་བརླན་ཞོར་
རྒྱུས་མེད་ཀྱི་གནས་ཡུལ་འགྲིམ་དུས་
ངས་ཁྱེད་ཀྱི་རང་དབང་མེད་པའི་འགྲོ་སྟངས་དྲན་བྱུང་
འབྲོག་མོའི་ལས་དབང་ དགུན་ཁའི་ཁ་བ་འདྲ་
ཁ་བ་ལྟར་དཀར་བོའི་སྐྲ་ལོས་མི་ཚེ་ཞིག་གི་མཇུག་བྱང་བཟློ་ཞོར་
འཁོར་བ་འདིའི་ནང་ཁོམ་མེད་དུ་རྒྱུགས་དུས་
ངས་ཁྱེད་ཀྱི་ལས་དབང་གི་གཏམ་རྒྱུད་འབྲི་དགོས་བྱུང་
༢༠༠༦ལོར་ཕ་ཡུལ་ནས།
རྩོམ་ཁུངས། ངེད་དྲ་བ།