གཙང་གི་བྱམས་ཆེན།
གཙང་གི་བྱམས་པ་ཆེན་པོ་ལགས།
ཁྱོད་ཀྱི་སྐུ་དྲུང་ནས་ང་ལ་དད་སེམས་དང་གདུང་སེམས་འདྲེས་མའི་མིག་ཆུ་བཞུར་བྱུང་།
ངའི་སེམས་ཁོང་གི་སོས་མེད་རྨ་ཁ་ཆེན་པོ་དེ་ལའང་ཡང་བསྐྱར་ན་ཟུག་ལང་བྱུང་།
ལས་ལམ་གཉིས་མེད་ཀྱི་ང་ཚོ་ལ་སུ་ཞིག་གིས་གཉོར་སྐྱོང་བྱེད།
སུ་ཞིག་གིས་སྤོབས་པ་སྟེར།
གཙང་གི་བྱམས་པ་ཆེན་པོ་ལགས།
དོན་དམ་པར། ངས་ཁྱོད་ཀྱི་སྐུ་དྲུང་ནས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་དྲན་བྱུང་།
གསུང་དྲན་བྱུང་། ཐུགས་དྲན་བྱུང་།
དཔེ་མེད་པའི་མཛད་པ་དྲན་བྱུང་།
ཟླ་མེད་པའི་འཕྲིན་ལས་དྲན་བྱུང་།
གཙང་གི་བྱམས་པ་ཆེན་པོ་ལགས།
འདི་ལྟར། ངའི་ལུས་ངག་ཡིད་གསུམ་གྱི་མཆོད་པ་ཁྱོད་ལ་འབུལ་དུས།
ཁྱོད་ནི་ངའི་བླ་མ་ཡིན། ཡི་དམ་ཡིན། མཁའ་འགྲོ་ཡིན། ཆོས་སྐྱོང་ཡིན།
གཙང་གི་བྱམས་པ་ཆེན་པོ་ལགས།
མགོ་ཐོག་གི་ཉི་མ་ཚང་ལ་ནུབ་པའི་དུས་དེ་ནས་བཟུང་།
ང་ཚོའི་མགོ་ཐོག་ལ་གནམ་ལྡིབ་སོང་།
ང་ཚོའི་རྐང་འོག་གི་ས་ཉིལ་སོང་།
གཙང་གི་བྱམས་པ་ཆེན་པོ་ལགས།
ཐལ་མོ་ཟུང་སྦྱར་གྱི་གསོལ་འདེབས་ཀློང་ན།
བདེ་སྡུག་བཏང་སྙོམས། བདག་གཞན་མཉམ་བརྗེ།
མི་རིགས་བཅངས་པའི་ཐུགས་བརྩེ་ཟབ་མོ།
ཡར་རྒྱས་ལ་བཅངས་པའི་ཐུགས་དགོངས་བརྟན་པོ།
ཡོད་ཚད། ངའི་གློ་མཆིན་སྙིང་གསུམ་གྱི་ནང་གསེབ་ན།
གཙང་གི་བྱམས་པ་ཆེན་པོ་ལགས།
འདུས་ཟིན་པའི་ཞབས་རྗེས། འཁོར་བཞིན་པའི་གནས་བབས།
འདི་དག་ལ་བསམ་གཞིག་བཏང་ན།
ངོ་མ་སྙིང་ཤ་ན་གི མགྲིན་པ་བརྣང་གི
གཙང་གི་བྱམས་པ་ཆེན་པོ་ལགས།
འདི་དག་ཡོད་ཚད་ངས་ཡུན་རིང་སེམས་ལ་ཉར་ཞིང་སྙིང་སྤས་པའི་སྨྲ་བསམ་བརྗོད་འདུས་ཀྱི་
ལྗིད་ཏིག་ཏིག་གི་སྡུག་བསྔལ་ལྗི་མོ་དེའོ།།
གཙང་གི་བྱམས་པ་ཆེན་པོ་ལགས།
རྩོམ་ཁུངས། ངེད་དྲ་བ།