གདོང་འབག
ལུག་ཁྱུ་ནི་ཀི་སྒྲའི་གསེབ་དུ་ཡིབས་ཡོད་པ་བཞིན
མིའི་རྫི་བོ་ནི་གོ་ལ་གཞན་ཏུ་ཡོད་པའི་སྲོག་ཆགས་ཤིག་ཡིན་ནམ
འོན་ཀྱང་ད་ལྟ་ཤེས་རབ་རྙིད་ཡོད་པའི་བེམ་པོ་འདི་དག་ནི
རྒྱ་མཚོའི་ཉེ་འགྲམ་ན་རུལ་དྲི་འཐུལ་གྱིན་པའི་གད་སྙིགས་ཀྱི་རིགས་སོ
ལྕེ་སྟེང་ནི་ཀླ་ཀློ་ཞེས་པའི་ཡིག་འབྲུ་ཞིག་གིས་མནན
མེ་ཏོག་ལ་དགའ་བའི་བུ་མོ་ཞིག་ཀྱང་མིག་ཆུའི་ཚེར་མར་གྱུར་རྗེས
མིའི་རིགས་ནི་ཕྱེད་ཀ་ཞ་ར་དང་ཕྱེད་ཀ་འོན་པ་ཡིན་དགོས་པ་ཆོས་ཉིད་ཡིན་ནམ
མཚན་མོ་འདིར་ཁྱོད་ཀྱི་མིག་ཟུང་གིས་འོད་སྣང་ཅིག་རྙིད་སྲིད་དམ
རླུང་བུས་ཀྱང་ཁ་ཕྱོགས་བོར་ཡོད་པའི་སྐྱ་རིས་ཤིག་བྲིས་པ་ནི
ཡང་སྙིང་སུ་ཞིག་གིས་འཁྲབ་ཀྱིན་པའི་ཟློས་གར་ཅིག་དང་མཚུངས
གར་སྟེགས་སུ་ཅི་ཡང་མེད་ཀྱང
འཆི་བདག་གི་ལག་པ་ནི་མེ་ལོང་ནང་ནས་ཚུར་བསྲིང་འོང
༢༠༡༡ ༧ ༡༤མཚན་མོར།
རྩོམ་ཁུངས། ངེད་དྲ་བ།