ཉིན་གང་གི་ཆར་ཆུའི་རོལ་རྩེད།
ད་ནི། ནམ་མཁའ་ཡང་སྨྱོ་ཐལ།
སྤྲིན་པ་ཡང་གོ་རིམ་ཞིག་པའི་སྲིན་མོའི་ཁ་སྤུ་ལྟར་ཟང་ཟིང་དང་
འདུ་འགོད་ལང་ལིང་གི་གར་སྟབས་བྲེལ།
ཉིན་གང་གི་ཆར་ཆུའི་རོལ་རྩེད་དང༌།
མུ་མཐའ་བྲལ་བའི་བརླན་བཤེར་གྱི་འཁྱོམ་རླབས་འོག
ངའི་སྙིང་ཉེ་བའི་མེ་ཏོག་དང༌། མེ་ཏོག་གི་འདབ་མ་སྙི་བོ་དག་ཀྱང༌།
ས་འདམ་གྱི་ལྗན་ལྗིན་ཁྲོད་དམིགས་མེད་ངང་འགྱེལ།
དབྱར་གཞུང་གི་དྲག་ཤུལ་དང་སྤྲིན་ནག་གི་རྔམ་སྟོབས་དེས།
ཉི་འོད་ཀྱི་བྱམས་བརྩེ་ནི་དུས་ཀྱི་བསྐལ་བའི་བྱིན་རླབས་ཀྱི་རྩོལ་བ་ལྟར།
སྐྱེད་ཚལ་གྱི་གདུང་སེམས་དང་རིང་དུ་གྱེས།
སྤང་ལྗོངས་ཀྱི་ལག་པད་དང་གཏན་དུ་བྲལ།
སྐད་ཅིག་ཁྲི་ཁྲག་གི་རེ་སྒུག་ཀློང་དུ།
འཆར་ཡན་བན་བུན་གྱི་སྨིག་རྒྱུའི་དབུས་སུ།
ངའི། ཡིད་ཀྱི་མེ་ཏོག་དེ་གང་དུ་ཡལ་སོང༌།
ངའི། སེམས་ཀྱི་རྐང་དྲུག་རྣམས་གང་དུ་འཕུར་སོང༌།
རྩོམ་ཁུངས། ངེད་དྲ་བ།