ཡུལ་མི་འདི་ཚོ།
རུས་རྐང་གིས་དབྱངས་རྟ་བསྒྲིགས་པའི་འགྱུར་ཁུགས་དེ།
གློག་རླབས་ཁྲོད་འཁྱམ་པའི་རྣམ་ཤེས་ཀྱི་གཏམ་རྒྱུད་ཅིག་ཡིན།
ཉིན་དང་མཚན་དུ་བསླུ་བྲིད་ཀྱི་ལག་གཡུག་དེ།
རྨི་ལམ་དང་སྣང་བས་བཟི་དྲག་པས།
གཅིན་སྐྱག་གིས་མལ་སྟན་རླན་པའི་རུལ་དྲི་ཞིག་རེད།
ཆང་དམ་གྱི་གར་སྟེགས་སུ་འགྱུར་བཞིན་པའི་ཕ་ཡུལ།
ཁྱོད་ཀྱི་བྲང་ཁོག་རྡུང་མཁན་གྱི།
འཚོ་བའི་བཀྲག་མདངས་ཤོར་བའི་ངོ་གདོང་ནག་པོ་དག
གང་སར་འགྱིག་ཤོག་བཞིན།
གད་སྙིགས་ཁྲོད་རླུང་བུས་འཁུར་བཞིན་འདུག
དམ་སྟོང་ཞིག་དང་འདྲ་བའི་མི་འདི་ཚོས།
དམེ་གྲི་ཞིག་རུམ་ལ་བཅུག་ནས་འོང་ཞིང་།
མེས་བོའི་བླ་མཁར་ཞིག་པའི་དུར་ཁྲོད་ནས།
ཁྲག་གིས་བརྫིས་བའི་རྐང་རྗེས་འགའ་ལས།
རང་ལུས་ཚག་ཚག་ཏུ་འཐོར་བཞིན་པ་ཤེས་མ་སོང་།
རྩོམ་ཁུངས། ངེད་དྲ་བ།