སྒྲོན་དཀར་སྐྱིད ཁྱེད་རང་ངུ་རན་ལ་ཐོན་འདུག
མེ་ཏོག་གི་ལེགས་སྐྱེས་མང་སའི་སྐྱེས་པའི་ཕོ་བྲང་དུ
ཁྱེད་ལ་གདམས་གསེས་དང་ཐེ་ཚོམ་ཅི་ཡང་མི་འདུག
ཡག་ལ་མཛེས་པའི་སྐད་ཆ་དེ་དག
ཁྱེད་ཀྱི་གློ་མཆིན་གཉིས་ཀྱིས་འཐུང་ཐེངས་རེ་རེར
སྒྱུ་མ་དང་རྫུ་བག་གི་ཕོ་བྲང་མང་བོ་ཞིག་གཏོར་ངེས་རེད
དོ་དགོང ང་ཚོས་ཚེ་སྐྱིད་དང་ཚེ་རིང་སྐྱིད་སུ་ཡང་མི་གླེང
ཁྱེད་དང་ཁྱེད་ཀྱི་སྐྱེས་པ་དེ་དག་ཁོ་ན་གླེང་བར་བྱ
ཁྱེད་དང་ཁྱེད་ཀྱི་མིག་ཆུ་ཁོ་ན་གླེང་བར་བྱ
གལ་ཏེ ཁྱེད་རང་ཟིན་ནས་ཚར་ལ་ཉེ་བའི་ཐ་མག་དེ་ཡིན་པའི་དབང་དུ་བཏང་ན
ཁྱེད་ལ་མིག་ཆུ་ཡོད་འོས་སམ ཁྱེད་ལ་ནོངས་འགྱོད་ཡོད་སྲིད་དམ
ཐ་མག་ཅིག་ནས་ཟིན་ཚར་ལ་ཉེ་བའི་ཐ་མག་དེ་ཡང
ཟིན་ནས་ཚར་ལ་ཉེ་བའི་དུས་སུ ད་གཟོད་མིག་ཆུ་བཞུར་བ་འཕྱི་དྲག་པས་ངུ་ངེས་རེད
གལ་ཏེ དེ་རིང་ནི་ཁྱེད་ཀྱི་ཚེ་མཇུག་ཡིན་པའི་དབང་དུ་བཏང་ན
སྐྱེས་པ་ཁོ་ནས་སྦགས་ཚར་བའི་མི་ཚེ་དེའི་སླད་དུ་ཁྱེད་རང་ངུ་ངེས་རེད
དེ་བས ཚེ་མཇུག་དང་རྒྱང་ཐག་རིང་ས་འདི་ནས
ཁྱེད་རང་ངུ་རན་ལ་ཐོན་འདུག ངོ་མ་སྐད་ངག་མཐོན་པོས་ངུ་འབོད་བྱེད་རན་འདུག
རྩོམ་ཁུངས། ངེད་དྲ་བ།