ལྐོག་གྱུར་སྙིང་སྟོབས།
ངའི་ཤ་གསེང་རུས་གསེང་ན་ཡོམ་ཡོམ་དུ་འགུལ་གྱིན་པ་ནི
འུ་དུམ་བཙན་གྱི་དབུ་སྟེང་གི་རྭ་ཅོ་དེ་རེད
བླ་སྤྲུལ་སྟོང་དང་སེར་སྐྱ་ཁྲི་ཡི་བཙན་ཤེད་ཀྱིས་བཙུགས་པའི་རྭ་ཅོ་ཟུང་དེས
བཙན་པོའི་སྙིང་སྟོབས་ལ་རྫོགས་ཚིག་བཀོལ
བཙན་པོའི་དམག་དཔུང་ལ་གོད་ཆག་བྱུང་་་་་
ཁོས་ནི་འདྲ་མཉམ་ཞིག་གླེང་གྱིན་ཡོད
སེར་སྐྱ་ཕོ་མོའི་འདྲ་མཉམ་ཞིག་གླེང་གྱིན་ཡོད
ཁོས་ནི་ཐོབ་ཐང་ཞིག་བསྒྲགས་གིན་ཡོད
བྲན་དམངས་འབུམ་ གྱི་ཐོབ་ཐང་ཞིག་བསྒྲགས་གིན་ཡོད
ཁོས་ནི་ད་དུང་འདས་སོང་གི་ཁ་སང་ལ་ཚང་རྩིས་རྒྱག་བཞིན
སང་ཉིན་ གྱི་གངས་ལྗོངས་ལ་འབོད་བརྡ་བཏང་ནས་ཡོད
ཁོ་བོ་ནི་མི་དབང་འུ་དུམ་བཙན་རང་རེད
འརྩྭ ཁོང་གིས་དེ་རིང་གྱི་བོད་མཐོང་འདུག་་་་་་་
ལོ་ངོ་སྟོང་གི་རིང་ལ
ཉིན་མཚན་འབུམ་གྱི་ཡུན་ལ
༼ གླང་དར༽དུ་འབོད་པ་གང་ཞིག
༼ བསྟན་བཤིག༽དུ་གླེང་བ་སུ་ཞིག
སོར་མོ་ཀུན་གྱི་བྲང་གཞུང་ན་ན་ཟུག་དུ་གྱུར་ཡོད་ལ
སྐྱེ་བོ་ཡོངས་ཀྱི་སེམས་ནང་ན་རྨ་ཁ་རུ་བརྫིས་ཡོད་དེ
སོ་དཀར་བྱིས་པའི་འཛུམ་ཀོང་ན་་་་་་་་་
སྐྲ་དཀར་རྒན་པོའི་ཐོད་གཉེར་ན་་་་་་་་་་
ཡོད་ཚད་ཀྱི་ཡོད་ཚད་བསྙོན་གྱིས་སྦགས
ཁྲི་ཤོར་རྒྱལ་མོའི་རླབས་རྒྱུན་གྱིས
འུ་དུམ་བཙན་གྱི་རྣམ་ཤེས་དེ་ད་དུང་ཡང་བར་དོ་ན་གནས་ཡོད་པ་ཟེར་གི
རྨ་རྒྱལ་སྦོམ་རའི་རྔམས་བརྗིད་ཀྱིས
འུ་དུམ་བཙན་གྱི་སྙིང་སྟོབས་དེ་ད་དུང་ཡང་ཡལ་མེད་དུ་གནས་ཡོད་གསུང་གི
ཇོ་མོ་གླང་མའི་དབུ་རྩེ་ཡིས
འུ་དུམ་བཙན་གྱི་ལོ་རྒྱུས་ལ་བསྙོན་བཏགས་གིས་སྦགས་འདུག་ཟེར་གི
རེད་ཡ
ད་ལན་འུ་བུ་ཚོས་ཀྱང་འདས་སོང་ལ་ཚང་རྩིས་རྒྱག་རན་འདུག
ལོ་ངོ་ཆིག་སྟོང་ལ་ལྐོག་དུ་གྱུར་བའི་སྙིང་སྟོབས་དེ
ཕྱི་གསལ་ནང་གསལ་གྱིས་ང་ཚོའི་མིག་ཁར་མངོན་འདུག
འུ་བུ་ཚོས་སྙིང་སྟོབས་དེར་བདེན་ཁ་འབུལ་རན་རེད་་་་་་་་་
འུ་བུ་ཚོས་དྲང་བདེན་ལ་བདེན་ཁ་འབུལ་རན་རེད་་་་་་་་་
རྩོམ་ཁུངས། ངེད་དྲ་བ།